འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་19ཉིན།

༄༅།།ཏང་ཡོངས་དང་། རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་དགོས།

—— ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་རྒྱུད་རབས་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་19ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     རླབས་ཆེན་བྱ་གཞག་གིས་རླབས་ཆེན་སྙིང་སྟོབས་སྐྱེད་སྲིང་བྱེད་པ་དང་རླབས་ཆེན་སྙིང་སྟོབས་ཀྱིས་རླབས་ཆེན་བྱ་གཞག་ལ་སྣེ་ཁྲིད་བྱེད་ཀྱི་ཡོད། “དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེན་འཐབ་རྩོད་ལས‘གོང་འོག་སེམས་མཐུན་དང་། ཧྲག་དམག་ཡོངས་འདོན། གནད་སྨིན་དངོས་སྒྲུབ། གསར་འབྱེད་གསར་གཏོད། འགག་སྒྲོལ་དཀའ་སེལ། མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བ’བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་ཤིག་གྲུབ་ཡོད”ཞི་ཅིན་ཕིང་གིས“ཏང་ཡོངས་དང་། རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། དཔའ་ངར་ཆེར་སྐྱེད་ངང་འབད་འཐབ། མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་ཉེན་ཁ་ཐམས་ཅད་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་བ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རྒྱལ་ཁ་གསར་པ་དེ་བས་ཆེ་བ་ཟམ་མི་ཆད་པར་ལེན་དགོས་པའི”ནན་བཤད་གནང་བ་རེད།
     དབུལ་པོ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་གཅོང་ནད་ལྟ་བུ་ཞིག་རེད། དབུལ་ཕོངས་ཟློག་པ་ནི་སྔ་ཕྱི་བར་གསུམ་དུ་གནའ་དེང་རྒྱལ་ཁབ་ཕྱི་ནང་གི་རྒྱལ་སྐྱོང་བདེ་འགོད་ཀྱི་དོན་ཆེན་གལ་ཆེན་ཞིག་རེད། ཀྲུང་གོས་བཏོད་པའི་ལོ་རྒྱུས་ནི་ཀྲུང་ཧྭ་མི་རིགས་ཀྱིས་དབུལ་ཕོངས་དང་འཐབ་རྩོད་བྱེད་པའི་ལོ་རྒྱུས་ཤིག་རེད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་དོན་གཉེར་མཐའ་འཁྱོངས་བྱེད་པ་ཐོག་མའི་བསམ་འདུན་དང་འགན་འཁྲིར་བརྩིས་ནས། ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་རང་ཉིད་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཆེད་ཡུན་རིང་དཀའ་སྤྱད་འབད་འཐབ་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་པ་དང་དབུལ་སྒྲོལ་འགག་སྒྲོལ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་མཐའ་ཚད་ཀྱི་ལས་འགན་ལ་བརྩིས་ཏེ། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་དང་། ཤུགས་ཚད་ཆེ་ཤོས། ཕན་ཐོགས་བྱུང་བའི་མི་འབོར་མང་ཤོས་བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་པ་དང་། ཏང་དང་མི་དམངས་ཀྱིས་དཀའ་ངལ་དང་དྲག་ཆར་རླུང་འཚུབ་ལ་མི་འཛེམ་པར་གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་དང་མཁྲེགས་སར་གཏུགས་ཕོད་པར་བྱས་ཏེ། དབུལ་པོའི་ནང་གི་དབུལ་པོ་དང་འགག་སྒྲོལ་ནང་གི་འགག་སྒྲོལ་རེ་རེ་ལས་རྣམ་པར་རྒྱལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཀྲུང་དབྱང་གི་དབུལ་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་7གཙོ་སྐྱོང་གནང་བ་དང་། དབུལ་སྐྱོར་ལས་དོན་ལ་བརྟག་ཞིབ་ཐེངས་50ལྷག་ཙམ་གནང་བ། གཅིག་སྡུད་ཡུལ་སྦྲེལ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་14ཚང་མར་ཕེབས་ཏེ། དབུལ་པོ་ངོ་མར་གཟིགས་རྒྱུ་མཐའ་འཁྱོངས་དང་དབུལ་སྐྱོར་ངོ་མ་དང་། དབུལ་པོ་ངོ་མ་དབུལ་སྐྱོར། དབུལ་པོ་ངོ་མ་དབུལ་སྒྲོལ་བཅས་ཀྱི་དོན་དངོས་མཁྱེན་རྟོགས་གནང་རྒྱུ་མཐའ་འཁྱོངས་གནང་བ། མང་ཚོགས་དབུལ་པོ་དང་ངོ་ཐུག་གདོང་འཕྲད་སྒོ་ནས་ཅི་འཕྲོས་མོལ་འཕྲོས་གསུངས་པ་དང་རྒྱུས་ལོན་ཞིབ་ཕྲ་གནང་ནས་དབུལ་སྒྲོལ་འགག་སྒྲོལ་ལས་བྱུང་བའི་འགྱུར་ལྡོག་ཧ་ཅང་ཆེན་པོ་དངོས་འབྲེལ་མྱོང་ཚོར་ཐུབ་པ་གནང་ཡོད། 2021ལོའི་ཟླ་2ཚེས་25ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག “ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་སྐབས་གལ་ཆེན་བསུ་བའི་མཚམས་སུ། རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་སྟེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་9899ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་832ཚང་མའི་དབུལ་ཞྭ་ཕུད་པ། གྲོང་ཚོ་དབུལ་པོ་ཁྲི་12.8ཚང་མ་དབུལ་པོའི་གྲལ་ལས་འདོན་པ། ས་ཁོངས་རང་བཞིན་སྤྱི་ཡོངས་དབུལ་པོ་ཡིན་པའི་གནད་དོན་ཐག་གཅོད་ཐུབ་པ། དབུལ་པོ་དབུལ་ནག་སེལ་བའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་གྲུབ་བྱུང་ནས་སླར་ཡང་ལོ་རྒྱུས་ཀྱི་དེབ་ཐེར་ནང་མངོན་པར་བཀྲ་བའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད། འདི་ནི་ཀྲུང་གོ་མི་དམངས་ཀྱི་གཟི་བརྗིད་རླབས་པོ་ཆེ་དང་། ཀྲུང་གོ་གུང་ཁྲན་ཏང་གི་གཟི་བརྗིད་རླབས་པོ་ཆེ། ཀྲུང་ཧྭ་མི་རིགས་ཀྱི་གཟི་བརྗིད་རླབས་པོ་ཆེ་བཅས་རེད”ཅེས་བརྗིད་ཆེའི་ཁྱབ་བསྒྲགས་གནང་བ་རེད།
     དབུལ་སྒྲོལ་འགག་སྒྲོལ་ལ་མིག་ལྡན་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་ནི་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཀྲུང་ཧྭ་མི་རིགས་ཀྱི་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་བསམ་པའི་གཤིས་རྒྱུད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དུ་བསགས་པའི་དངོས་པོའི་རྨང་གཞི་བརྟན་པོ། གཅིག་རྗེས་གཉིས་མཐུད་ངང་འབད་འཐབ་བྱེད་པའི་སྙིང་སྟོབས་བརྟན་པོ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་བཅས་ལ་བརྟེན་ནས་བྱུང་བ་ཞིག་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་རྩོད་བྱེད་རིང་ང་ཚོས་རང་རྒྱལ་གྱི་རྒྱལ་བབ་ལ་གཞི་ཚུགས་པ་དང་དབུལ་པོ་ཉུང་གཏོང་གི་ཆོས་ཉིད་ལ་སྟངས་འཛིན་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་པོ་ཉུང་གཏོང་གི་འགྲོ་ལམ་ཐོག་བསྐྱོད་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་ཟློག་རིགས་པའི་གཞུང་ལུགས་གྲུབ་ཡོད། དེ་ཡང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་ལ་སྟོབས་དང་ལྡན་པའི་ཆབ་སྲིད་དང་རྩ་འཛུགས་ཀྱི་འགན་ལེན་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཐུན་མོང་ཕྱུག་འགྱུར་གྱི་འགྲོ་ལམ་དུ་སྐྱོད་པ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་བྱས་ནས་དོན་ཆེན་སྒྲུབ་པའི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་མཐའ་འཁྱོངས་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་ཐུན་མོང་བློ་སྟོབས་དང་ཐུན་མོང་བྱ་སྤྱོད་གྲུབ་པ། གནད་སྨིན་དབུལ་སྐྱོར་གྱི་མཛད་ཇུས་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་བྱེད་ཐབས་ལ་བརྟེན་ཏེ་དབུལ་པོའི་རྩ་བ་དྲུངས་ནས་སྦྱིན་པ། རྒྱ་ཆེའི་མང་ཚོགས་དབུལ་པོའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། དབུལ་སྒྲོལ་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་པ། ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་རོགས་རེས་ཀྱི་སྤྱོད་བཟང་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། སྤྱི་ཚོགས་ཧྲིལ་པོར་ཉེན་སེལ་དབུལ་སྐྱོར་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱེད་པ། དམ་པ་དོན་གཉེར་དང་མཁྲེགས་སར་གཏུགས་ཕོད་པ་མཐའ་འཁྱོངས་བྱས་ནས། དབུལ་སྐྱོར་ངོ་མ་དང་། དབུལ་པོ་ངོ་མ་དབུལ་སྐྱོར། དབུལ་པོ་ངོ་མ་དབུལ་སྒྲོལ་བཅས་བྱས་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་རྩོད་ཁྲོད། ཏང་གི་གཙོ་འཛིན་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་བར་གྱི་མི་ཚང་མས་མང་ཚོགས་དབུལ་པོ་སེམས་ལ་འཆང་བ་དང་དབུལ་པོ་ཉུང་གཏོང་གི་བྱ་གཞག་ཆེན་པོ་སེམས་ལ་བཞག་པ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག་དང་། ལས་རིགས་ཁག འཐབ་ཕྱོགས་ཁག་བཅས་ཚང་མ་ཞུགས་ཏེ་མང་ཚོགས་དབུལ་པོ་དང་མཉམ་དུ་བསམ་བློ་གཏོང་ས་གཅིག་ཏུ་བསམ་བློ་གཏོང་བ་དང་། ཤུགས་རྒྱག་ས་གཅིག་ཏུ་ཤུགས་བརྒྱབ་པ་ལས“གོང་འོག་སེམས་མཐུན་དང་ཧྲག་དམག་ཡོངས་འདོན”གྱི་མཐུན་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་གང་ལེགས་མཚོན་ཡོད། གནད་སྨིན་དབྱེ་འབྱེད་དང་ཡིག་ཚགས་དང་གཱ་བཟོས་པ་ནས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་དཔུང་ཁག་སྟོབས་ཆེར་གཏོང་བའི་བར་དང་། རིགས་དབྱེ་དང་དམིགས་ས་ཡོད་པའི་སྒོ་ནས་སྲིད་ཇུས་ལག་བསྟར་བྱེད་པ་ནས་ཚད་གཞི་ནན་པོ་དང་གོ་རིམ་ལྡན་པའི་ངང་ཕྱིར་འཐེན་བྱེད་པའི་བར། དེ་ནས་རྗེས་སྙེག་ལྟ་ཞིབ་ཚད་ལེན་བྱེད་པ་ནས་དབུལ་པོ་བསྐྱར་ལོག་སྔོན་འགོག་བྱེད་པ་བཅས་ཀྱི་བར། སུ་ལ་རོགས་སྐྱོར་བྱེད་པ་དང་། སུས་རོགས་སྐྱོར་བྱེད་པ། རོགས་སྐྱོར་ཇི་ལྟར་བྱེད་པ། ཕྱིར་འཐེན་ཇི་ལྟར་བྱེད་པ།
     བརྟན་པོ་ཇི་ལྟར་བྱེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་སྲིད་ཇུས་ཀྱི་བྱ་ཐབས་ཆ་ཚང་ཞིག་བཏོན་པ་ལས“གནད་སྨིན་དངོས་སྒྲུབ་དང་གསར་འབྱེད་གསར་གཏོད”ཀྱི་བཅོས་སྐྱོང་གི་བློ་གྲོས་གཅིག་སྡུད་ཐོག་མངོན་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཁྲག་དྲོན་བཏོན་ནས་འགན་འཁྲི་སྒྲུབ་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་དམ་བཅའ་ལག་ལེན་བསྟར་བ། གྲོང་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་མི་ཚོས་འཐབ་ས་དང་པོར་གཞི་ཚུགས་ཏེ་ངལ་བ་དང་འཁང་ར་བཟོད་བསྲན་བྱས་པ་དང་། གཞི་རིམ་ཏང་ཡོན་ལས་བྱེད་པས་སེམས་ནུས་ཡོད་རྒུ་འདོན་པ་དང་དཀའ་སྤྱད་དངོས་སྒྲུབ་བྱས་པ། རྒྱ་ཆེའི་དང་བླངས་པས་ལྷག་བསམ་ཟོལ་མེད་ངང་མ་དངུལ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་ལེགས་སྐྱེས་ཕུལ་བ། ཏང་ཡོན་དང་ལས་བྱེད་པ་1800ལྷག་ཙམ་གྱིས་དབུལ་པོ་ཉུང་གཏོང་གི་བྱ་གཞག་ཆེད་རྩ་ཆེའི་ཚེ་སྲོག་སྐྱེས་སུ་ཕུལ་ནས“འགག་སྒྲོལ་དཀའ་སེལ་དང་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བའི”རིན་ཐང་གི་དོན་གཉེར་ལ་གསལ་འགྲེལ་གཏིང་ཟབ་བརྒྱབ་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གི་ངོ་བོ་དང་དམིགས་ཡུལ་དང་། ཀྲུང་གོ་མི་དམངས་ཀྱི་བློ་སྟོབས་དང་གཤིས་རྒྱུད། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་བཅས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་དང་། རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་དགོངས་པའི་གཅིག་སྡུད་མཚོན་ཚུལ་ཞིག ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་གང་ལེགས་མངོན་པ་ཞིག་བཅས་ཡིན་པས། མི་རིགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དང་དུས་རབས་ཀྱི་སྙིང་སྟོབས་རླབས་པོ་ཆེ་རྒྱུན་མཐུད་དང་རྒྱུན་འཛིན་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་རྒྱུད་རབས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།
     སྤྱི་ཚོགས་རིང་ལུགས་ནི་ལས་བརྩོན་བྱས་ནས་བྱུང་བ་དང་དུས་རབས་གསར་པ་ནི་འབད་འཐབ་བྱས་ནས་བྱུང་བ་ཞིག་རེད། སྔར་སོང་ལ་ཕྱིར་མིག་ལྟ་སྐབས། ཀྲུང་ཧྭ་མི་རིགས་ལ་ལོ་ངོ་སྟོང་ཕྲག་དུ་མར་དཀའ་ངལ་བཟོ་མཁན་དབུལ་པོ་དབུལ་ནག་གི་གནད་དོན་སེལ་བའི་ཐད་ང་ཚོར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་ཡོད་ལ། མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་གི་ལོ་རྒྱུས་ཐོག་གི་ངོ་མཚར་ཡང་བཏོད་ཡོད། འགོ་འཛུགས་ས་གསར་པའི་ཐོག་ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འདུན་པ་རླབས་པོ་ཆེའི་ཆེད་འབད་འཐབ་བྱེད་བཞིན་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་རིང་མོར་འབད་འཐབ་ལྷོད་མེད་བྱེད་དགོས་པ་ཨ་ཅང་བརྗོད་མེད་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། གདེང་ཚོད་དང་ཆོད་སེམས་བརྟན་པོ་དང་། ནམ་ཡང་ལྷོད་གཡེང་མི་གཏོང་བའི་བསམ་པའི་ཉམས་འགྱུར། ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཀྱི་རྣམ་པ། དངོས་འཛིན་དངོས་སྒྲུབ། དཀའ་སྤྱད་སྙིང་རུས་བཅས་བྱས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ཕྱོགས་སུ་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་དགོས།