འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་19ཉིན།

༄༅།།“ཉི་འོད་གྲོང”དུ་རྒྱུག་ཤར་གློད། ས་མཐོའི་དགུང་སྔོན་མྱོང་རོལ་བྱེད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་19ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ཟླ་10ཚེས་16ཉིན། བདམས་ཐོན་པ་ཚོས་འགྲན་རྒྱུག་བྱེད་པའི་རྣམ་པ་ཡིན་པ།
འདི་ནི་ཟླ་10ཚེས་16ཉིན། བདམས་ཐོན་པ་ཚོས་འགྲན་རྒྱུག་བྱེད་པའི་རྣམ་པ་ཡིན་པ།
   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་ཧྲང་ཚའེ་དང་། སི་ཡོན།
   ཆུ་ཚོད་1དང་སྐར་མ་14དང་སྐར་ཆ་28ཐོག་བསོད་ནམས་ཚེ་རིང་ཀུན་གྱི་སྔོན་ལ་རིང་ཚད་སྤྱི་ལེ་21.0975ཡོད་པའི་འགྲན་ལམ་གྱི་མཐའ་སྣེར་བསླེབས་ཤིང་། པོ་ཏ་ལའི་ཐང་ཆེན་གྱི་འགྲན་ལམ་གཞོགས་གཉིས་སུ་ཤན་འབྱེད་པ་དང་ལྟད་མོ་བས་ཁོང་ལ་དགའ་འབོད་དང་ཐལ་མོ་བརྡེབས་པ་དང་སྦྲགས་ཁ་བཏགས་ཀྱང་གཡོགས་པ་དང་། གདོང་ནས་རྔུལ་ཆུའི་ཐིགས་པ་ལྷུང་བཞིན་པའི་ཁོང་ཡང་དགའ་སྤྲོ་རབ་ཏུ་འཁོལ་ཏེ་རང་ཉིད་ཀྱི“འགྲན་ར”གངས་ལྗོངས་ས་མཐོར་གཞི་ནས་ཨང་དང་པོ་ལེན་པའི་ཕུགས་འདུན་མངོན་འགྱུར་བྱུང་ཞེས་བརྗོད།
    ཚེས་16ཉིན། རྒྱལ་ནང་ནས་དཔང་བདེན་ར་སྤྲོད་ཐོབ་པའི་ས་བབ་མཐོ་ཤོས་ཀྱི་མར་སུན་འགྲན་རྒྱུག་སྟེ་2021ལོའི་བོད་ལྗོངས་ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་བྱས་ཤིང་། རྒྱལ་ཡོངས་ཀྱི་ས་ཁུལ་ཁག་ནས་ཡོང་བའི་རྒྱུག་ཤར་གློད་རྒྱུར་དགའ་པོ་བྱེད་མཁན་3000ལྷག་ཙམ་འགྲན་རྒྱུག་ནང་ཞུགས་ཏེ་ས་བབ་མཐོ་ཁུལ་གྱི་རྒྱུག་ཤར་ཉམས་སུ་མྱངས་པ་རེད། ལོ་23ལ་སླེབས་པའི་བདམས་ཐོན་པ་བསོད་ནམས་ཚེ་རིང་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་ནས་ཡིན་ལ། ཆེད་ལས་ལུས་རྩལ་པ་ཞིག་ཡིན་པའི་ཁོང་རྟག་པར་རྒྱལ་ཡོངས་ས་ཁུལ་ཁག་ཏུ་མར་སུན་འགྲན་རྒྱུག་ལ་ཞུགས་ཀྱི་ཡོད་ཅིང་བོད་ནས་བྱ་དགའ་ཞིག་རག་པའི་རེ་བ་ཡང་བརྒྱབ་མྱོང་ཡོད། དེ་རིང་རེ་འབྲས་དོན་སྨིན་བྱུང་ནས་ཨང་དང་པོའི་གཟེངས་བསྟོད་རྟགས་མ་ལེན་སའི་སྟེགས་བུའི་ཐོག་ལངས་ཏེ་གཟི་བརྗིད་མཚོན་པའི་གཟེངས་རྟགས་ལ་ལག་པས་རེག་བཞིན་དགའ་འབོད་བྱེད་བཞིན་པའི་ལྷ་སའི་གྲོང་མི་རྣམས་ལ་ལག་པ་གཡུག་གཡུག་བྱས་ནས་གུས་ལན་ཞུས་པ་རེད།
   “རང་སྐྱོང་ལྗོངས་ཀྱིས་ང་ལ་སྦྱོང་བརྡར་ཆ་རྐྱེན་ཧ་ཅང་ཡག་པོ་དང་རྒྱལ་ཡོངས་མི་རིགས་ཁག་གི་སྤུན་ཟླའི་མདུན་ནས་རང་ཉིད་ཀྱི་འཇོན་ཐང་ངོམ་སའི་སྟེགས་བུ་གནང་བྱུང་། ད་རེས་ཨང་དང་པོ་ཐོབ་པར་ཧ་ཅང་དགའ་པོ་བྱུང”ཞེས་བསོད་ནམས་ཚེ་རིང་གིས་སེམས་འགུལ་ཐེབས་བཞིན་བཤད།
   ལམ་ཕྱེད་མར་སུན་འགྲན་བསྡུར་བྱས། ལྷ་ལྡན་གྲོང་ལ་དགའ་ཞེན་འཕེལ་བ། ཟླ་བཅུ་པའི་ལྷ་སར། གནམ་སྔོ་ལ་སྤྲིན་དམའ་ཞིང་བསིལ་རླུང་དལ་བུར་རྒྱུ། ས་བབ་མཐོ་ཚད་སྨི་3600ལྷག་ཟིན་པའི་ས་མཐོའི་གྲོང་ཁྱེར་འདི་དྲོ་ཞིང་འཇམ་པའི་ཉི་འོད་ཀྱིས་དྲོད། ལྷ་ས་གྲོང་ཁྱེར་བསྐོར་བའི་གཞུང་ལམ་ཨ་མའི་རྒྱུག་ཤར་གློད་ལམ་ཐོག ཚོས་གཞི་སྣ་ཚོགས་པའི་འགྲན་ཞུགས་གྱོན་ཆས་གྱོན་པའི་མར་སུན་ལ་དགའ་པོ་བྱེད་མཁན་ཚོས་སྐབས་རེར་གོམ་ཞེང་ཆེན་པོས་རྒྱུག་ཤར་གློད་པ་དང་། སྐབས་རེར་མཚོན་རྟགས་རང་བཞིན་གྱི་བཟོ་བཀོད་འགྲམ་ནས་དྲན་རྟེན་པར་བརྒྱབ་སྟེ་ལུས་རྩལ་གྱི་སྤྲོ་བ་མྱངས་པ་རེད།
   འགྲན་ལམ་གྱི་གཞོགས་གཉིས་སུ། ལྷ་སའི་གྲོང་མི་དང་སློབ་མ་སོགས་ལས་རིགས་ཁག་གི་མི་སྣས་རྒྱལ་དར་དང་ཁ་བཏགས་གཡུག་གཡུག་བྱས་ནས། འགྲན་ཞུགས་པ་ཚོར་ངར་ཤུགས་བསླངས་པ་དང་། དར་ཁྱབ་ཆེ་བའི་རོལ་མོ་ཡང་ཡང་བཏང་བ་ནི་ལྷ་སར་བསྟོད་བསྔགས་བྱེད་པའི་འགྱུར་ཁུག་ཅིག་དང་འདྲ། དང་བླངས་པ་མང་པོས་ལམ་བར་གྱི་ཆུ་འཐུང་ས་ཚིགས་དང་ཟུངས་སྣོན་ས་ཚིགས་སུ་སྙིང་ཉེའི་ཞབས་འདེགས་ཞུས་ནས། ལྷ་ས་གྲོང་ཁྱེར་ཧྲིལ་པོར་དགའ་སྤྲོའི་རྣམ་པས་ཁེངས་ཡོད་པ་རེད།
    ལྷ་ས་སྒྲོན་མེ་རྒྱུག་ཤར་ཚོགས་པའི་འགན་འཁུར་བ་འཇིགས་མེད་རྣམ་རྒྱལ་2009ལོ་ནས་བཟུང་རྒྱུག་ཤར་གློད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་འདི་ལོའི་བར་ལོ་12ལྷག་ཙམ་ས་མཐོ་འདིར་རྒྱུག་ཤར་གློད་པ་རེད། 2018ལོར་ལྷ་སས་ལམ་ཕྱེད་མར་སུན་འགྲན་རྒྱུག་སྐབས་དང་པོ་གཉེར་བ་ནས་བཟུང་ཁོང་ལོ་ལྟར་ཞུགས་པ་དང་། འདི་ལོར་ཁོང་གིས་རྒྱུག་ཤར་ཚོགས་པའི་ཚོགས་མི་40ལྷག་ཁྲིད་དེ་མཉམ་དུ་ཞུགས་པའི་ཁྲོད་ཀྱི་རྒན་ཤོས་ལོ་54ཡིན་པ་རེད། འཇིགས་མེད་རྣམ་རྒྱལ་ལ་ཡང་སྐྱེས་པའི་ལམ་ཕྱེད་མར་སུན་གྱི་ཨང་བཅུ་གཉིས་པ་ཐོབ་པ་རེད།
    “ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་གྲོགས་པོ་ཚོ་ས་བབ་མཐོ་ཚད་སྨི་3600ཡན་ཟིན་པའི་མར་སུན་འགྲན་རྒྱུག་ནང་ཞུགས་ཕོད་པས་སྤོབས་པ་ཧ་ཅང་ཆེན་པོ་འདུག”ས་མཐོའི་སྟོན་མཇུག་གི་མཛེས་ལྗོངས་དང་ལོ་ཚད་མི་འདྲ་བའི་བདམས་ཐོན་པ་ཚོའི་རྒྱུག་ཤར་གློད་པའི་ཉམས་འགྱུར་ནི་ལྷ་སའི་ལམ་ཕྱེད་མར་སུན་འགྲན་རྒྱུག་གི་ཡིད་དབང་འཕྲོག་ཤུགས་རེད། “ངས་བལྟས་ན་སྐབས་འགར་འགྲན་བསྡུར་གྱི་རྒྱུགས་འབྲས་དེ་འདྲའི་གལ་ཆེན་མ་ཡིན་པར་འགག་རྩ་ནི་རྒྱུག་ཤར་མཐའ་འཁྱོངས་ཐུབ་མིན་ལ་ཐུག་ཡོད”ཅེས་འཇིགས་མེད་རྣམ་རྒྱལ་གྱིས་གསར་འགོད་པར་བཤད།