འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་15ཉིན།

༄༅།།ལྷ་གྲུ་ཨང་བཅུ་གསུམ་པའི་མི་བཞུགས་འཕུར་གྲུ་གཏོང་རྩིས་ཡིན།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་15ཉིན། 15:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
གཡོན་ནས་གཡས་ཕྱོགས་ལྟར། ཡེ་ཀོང་ཧྥུ། ཀྲའེ་ཀྲི་ཀང་། ཝང་ཡ་ཕིང་།
གཡོན་ནས་གཡས་ཕྱོགས་ལྟར། ཡེ་ཀོང་ཧྥུ། ཀྲའེ་ཀྲི་ཀང་། ཝང་ཡ་ཕིང་། 
     མི་དམངས་དྲ་བའི་འཕྲིན། ཞིན་ཧྭ་གསར་འགྱུར་ཁང་ཅིའུ་ཆོན་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། བར་སྣང་ས་ཚིགས་དུས་མཚམས་ཀྱི་འཕུར་སྐྱོད་ལས་འགན་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ཞིབ་འཇུག་བྱས་པ་བརྒྱུད་ལྷ་གྲུ་ཨང་བཅུ་གསུམ་པའི་མི་བཞུགས་འཕུར་གྲུ་ཚེས་16ཉིན་གྱི་ཐོ་རེངས་སུ་འཕེན་གཏོང་བྱ་རྒྱུ་དང་འཕེན་གཏོང་དུས་ཚོད་པེ་ཅིང་གི་དུས་ཚོད་ཚེས་16ཉིན་གྱི་ཆུ་ཚོད་0དང་སྐར་མ་23ལ་དམིགས་རྒྱུ་ཡིན་པ་རེད། འཕུར་སྐྱོད་རུ་ཁག་ནི་འཇིག་རྟེན་འཕུར་སྐྱོད་པ་ཀྲའེ་ཀྲི་ཀང་དང་ཝང་ཡ་ཕིང་། ཡེ་ཀོང་ཧྥུ་བཅས་ཀྱིས་གྲུབ་པ་དང་། ཀྲའེ་ཀྲི་ཀང་གིས་བཀའ་བཀོད་པའི་འགན་ཁུར་འཁུར་རྒྱུ་ཡིན། ད་ཐེངས་ཀྱི་འཕེན་གཏོང་ལས་འགན་སྒྲུབ་མཁན་གྱི་རྒྱང་སྐྱོད་ཨང་གཉིས་པFརྒྱང་རིང་གི་མེ་ཤུགས་འཕུར་མདའ་བཅུ་གསུམ་པས་ཚེས་14ཉིན་གྱི་ཕྱི་དྲོར་སྐུལ་འདེད་གཏོང་རྫས་སྣོན་འཇུག་བྱས་པ་རེད། 
     འདི་ནི་ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་གྱི་གསར་འགྱུར་མགྲིན་ཚབ་པ་དང་ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ལིན་ཞི་ཆང་གིས་ཚེས་14ཉིན་གྱི་ཕྱི་དྲོར་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པ་རེད། 
     འཇིག་རྟེན་འཕུར་སྐྱོད་པ་ཀྲའེ་ཀྲི་ཀང་ནི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཁང་ནས་ཐོན་པའི་འཇིག་རྟེན་འཕུར་སྐྱོད་པ་ཨང་དང་པོ་དེ་ཡིན་པ་དང་འཇིག་རྟེན་འཕུར་སྐྱོད་པ་ཝང་ཡ་ཕིང་གིས་ལྷ་གྲུ་ཨང་བཅུ་པའི་མི་བཞུགས་འཕུར་སྐྱོད་ལས་འགན་སྒྲུབ་མྱོང་ཡོད། འཇིག་རྟེན་འཕུར་སྐྱོད་པ་ཡེ་ཀོང་ཧྥུ་ཡིས་མི་བཞུགས་འཕུར་སྐྱོད་ཀྱི་ལས་འགན་ཐོག་མར་སྒྲུབ་པ་ཡིན། 
     ལིན་ཞི་ཆང་གིས་བཤད་དོན། འཆར་གཞི་ལྟར་ན་ལྷ་གྲུ་ཨང་བཅུ་གསུམ་པའི་འཕུར་གྲུ་འཁོར་ལམ་དུ་འབྱོར་རྗེས་རང་བརྟེན་མགྱོགས་མྱུར་འབྲེལ་མཐུད་བྱེད་སྟངས་ལ་བརྟེན་ནས་ཐེན་ཧོ་ལྟེ་བའི་གྲུ་ཁང་དང་སྦྲེལ་མཐུད་བྱས་ནས་ཐེན་ཧོ་ལྟེ་བའི་གྲུ་ཁང་དང་། དེ་བཞིན་ལྷ་གྲུ་གཉིས་པ་དང་ལྷ་གྲུ་གསུམ་པ་བཅས་ཀྱི་ཟོག་འདྲེན་འཕུར་གྲུ་དང་སྡེབ་སྒྲིག་གཟུགས་ཤིག་ཆགས་རྒྱུ་རེད། འཇིག་རྟེན་འཕུར་སྐྱོད་པ་ལྟེ་བའི་གྲུ་ཁང་དུ་འབྱོར་རྗེས། གནམ་སའི་དུས་མཉམ་དུ་ངལ་གསོ་རྒྱག་པའི་ལམ་ལུགས་ལྟར་ལས་ཀ་དང་འཚོ་བ་སྐྱེལ་རྒྱུ་རེད། ཟླ་6ཙམ་འགོར་རྗེས། འཕུར་གྲུར་བསྡད་དེ་ཤར་རླུང་འབབ་ཚིགས་སུ་ཕྱིར་ལོག་རྒྱུ་རེད། བར་སྣང་ས་ཚིགས་ཀྱི་འགག་རྩའི་ལག་རྩལ་ཚོད་ལྟས་ར་སྤྲོད་དུས་མཚམས་ཀྱི་ལས་འགན་ཁག་ལེགས་སྒྲུབ་བྱས་ཚུལ་ལ་ཁྱོན་ཡོངས་ནས་ཚོད་སྐོར་བྱས་རྗེས་བར་སྣང་ས་ཚིགས་སྐྲུན་པའི་དུས་མཚམས་སུ་སླེབས་རྒྱུ་རེད།  
     མིག་སྔར། ཐེན་ཧོ་ལྟེ་བའི་གྲུ་ཁང་དང་ཐེན་གྲུ་ཨང་གཉིས་པ་དང་ཐེན་གྲུ་ཨང་གསུམ་པའི་སྡེབ་སྒྲིག་གཟུགས་ཀྱི་རྣམ་པ་དང་སྒྲིག་ཆས་ཁག་གི་ལས་དོན་རྒྱུན་གཏན་ལྟར་ཡིན་པ་དང་། སྣོལ་འདུ་སྦྲེལ་མཐུད་དང་འཇིག་རྟེན་འཕུར་སྐྱོད་པ་བཅའ་སྡོད་བྱེད་པའི་ཆ་རྐྱེན་འཛོམས་ཡོད་པ་རེད། ལྷ་གྲུ་ཨང་བཅུ་གསུམ་པའི་འཕུར་སྐྱོད་ལས་འགན་སྒྲུབ་མཁན་མ་ལག་ཁག་གིས་ཚད་ལེན་ཚོད་ལྟ་དང་ཕྱོགས་བསྡུས་ནང་སྦྱོང་བྱས་པ་དང་། འཇིག་རྟེན་འཕུར་སྐྱོད་པའི་འཕུར་སྐྱོད་རུ་ཁག་གི་གནས་ཚུལ་ཡག་པོ་ཡོད་ཅིང་། འཕེན་གཏོང་མ་བྱས་གོང་གི་གྲ་སྒྲིག་ལས་དོན་ཁག་ལེགས་གྲུབ་ཟིན་ཡོད་པ་རེད།