འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་13ཉིན།

༄༅།།སྡེ་ཚན་གཉིས་ཀྱིས“གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་གི་འཆར་གཞིར”ཚད་གཞི་བཏོན་པ་དང་
དོ་དམ་བྱེད་ནན་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་13ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ནོར་སྲིད་པུའུ་དང་སློབ་གསོ་པུའུ་ཡིས《གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་གི་འཆར་གཞི་ལག་བསྟར་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)ཡོངས་བསྒྲགས་བྱས་ནས་འཚོ་བཅུད་བཟའ་བཅའི་ཁ་གསབ་ཀྱི་རྒྱལ་ཁབ་ཀྱི་རྨང་གཞིའི་ཚད་གཞི་སྔར་བས་མཐོ་རུ་བཏང་སྟེ་ས་གནས་ཁག་གིས་སློབ་གྲྭའི་བཟའ་བཅའ་མཁོ་འདོན་དོ་དམ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ས་གནས་ཀྱི་གཏོང་སྒོའི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱེད་པ། མ་དངུལ་བེད་སྤྱོད་དང་དོ་དམ་གྱི་ཚད་གཞི་ནན་པོ་བཟོ་བ། འགན་དབང་གཅིག་མཐུན་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་དང་མཐུན་སྦྱོར་བྱས་ནས་ལག་བསྟར་བྱེད་རིང་འཕྲད་པའི་གནད་དོན་དང་དཀའ་ངལ་དུས་ཐོག་ཏུ་སེལ་བ་བཅས་བྱས་ཏེ་དམངས་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད།
     2011ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་གི་འཆར་གཞི་ལག་བསྟར་བྱ་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས་ལོ་དེའི་སྟོན་ཁའི་སློབ་དུས་ནས་བཟུང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་གི་འཆར་གཞི་ལག་བསྟར་བྱེད་འགོ་བརྩམས་པ་རེད། འཆར་གཞི་དེ་ལག་བསྟར་བྱས་ཚུན་དར་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་གྲོང་གསེབ་སློབ་མའི་འཚོ་བཅུད་བདེ་ཐང་གི་གནས་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་རྗེས་སྙེག་ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་གཞིར་གཞིགས་ན། 2019ལོར་འཚོ་བཅུད་ལེགས་གཏོང་གི་འཆར་གཞིའི་ཚོད་ལྟའི་ས་ཁུལ་གྱི་ལོ་ཚོད་མི་འདྲ་བའི་སློབ་ཕྲུག་བུ་དང་བུ་མོའི་ཆ་སྙོམས་གཟུགས་པོའི་རིང་ཚད་2012ལོ་ལས་ལི་སྨི་1.54དང་ལི་སྨི་1.69སོ་སོར་རིང་དུ་ཕྱིན་པ་དང་ཆ་སྙོམས་གཟུགས་པོའི་ལྗིད་ཚད་སྤྱི་རྒྱ་1.06དང་སྤྱི་རྒྱ་1.18སོ་སོར་འཕར་བ་དེ་རྒྱལ་ཡོངས་ཀྱི་གྲོང་གསེབ་སློབ་མའི་ཆ་སྙོམས་འཕར་ཚད་ལས་མཐོ་བ་ཡོད་པ་རེད།
     འོན་ཀྱང་ཟོག་གོང་འཕར་བའི་རྐྱེན་གྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་བཟའ་བཅའི་ཁ་གསབ་ཚད་གཞིའི་ཉོ་ཤུགས་ཆག་པ་དང་དུས་མཚུངས་ས་ཆ་ཁག་གཅིག་ཏུ་སློབ་གྲྭའི་བཟའ་བཅའ་མཁོ་འདོན་དང་། སློབ་མའི་ཆ་འཕྲིན་འཚོལ་བསྡུ། མ་དངུལ་བེད་སྤྱོད་དོ་དམ་སོགས་ཐད་ད་དུང་ཞན་ཆའི་ལྷུ་ཚིགས་གནས་ཡོད། འཚོ་བཅུད་ལེགས་གཏོང་གི་འཆར་གཞིའི་གྲུབ་འབྲས་སྔར་བས་སྲ་བརྟན་དང་། སློབ་མའི་འཚོ་བཅུད་བདེ་ཐང་གི་གནས་ཚུལ་མུ་མཐུད་ལེགས་གཏོང་དང་སློབ་མའི་གཟུགས་གཞི་ཐང་དུ་གཏོང་ཆེད། ད་ཐེངས་ཀྱི《བརྡ་ཐོའི》ནང་། 2021ལོའི་སྟོན་ཁའི་སློབ་དུས་ནས་བཟུང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་བཟའ་བཅའི་ཁ་གསབ་ཀྱི་རྒྱལ་ཁབ་ཀྱི་རྨང་གཞིའི་ཚད་གཞི་དེ་ཉིན་རེར་སྒོར་4ནས་སྒོར་5བར་མཐོ་རུ་གཏོང་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད། དེའི་ནང་རྒྱལ་ཁབ་ཀྱི་ཚོད་ལྟའི་ས་ཁུལ(དེ་སྔའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་རྫོང་དང་། རྫོང་གྲོང་ཚུད་མེད་པ)ལ་མཁོ་བའི་མ་དངུལ་མུ་མཐུད་ཀྲུང་དབྱང་ནོར་སྲིད་ནས་སྤྲོད་རྒྱུ་དང་། ས་གནས་ཀྱི་ཚོད་ལྟའི་ས་ཁུལ(དེ་སྔའི་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་དང་། དེ་སྔའི་ཞིང་ཆེན་རིམ་པའི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་། མི་རིགས་རང་སྐྱོང་རྫོང་། མཐའ་མཚམས་རྫོང་། གསར་བརྗེའི་ཁུལ་རྙིང་རྫོང་བཅས)ལ་མཁོ་བའི་མ་དངུལ་ས་གནས་ནོར་སྲིད་ཀྱིས་སྤྲོད་འགན་འཁུར་བ་དང་། ས་གནས་སུ་རྒྱལ་ཁབ་ཀྱི་རྨང་གཞིའི་ཚད་གཞི་དོན་འཁྱོལ་བྱས་རྗེས་ཀྲུང་དབྱང་ནོར་སྲིད་ནས་སློབ་མ་རེར་ཉིན་རེར་སྒོར་4ཡི་བཅད་གྲངས་བྱ་དགའི་ཁ་གསབ་སྤྲོད་རྒྱུ་ཡིན་པ་རེད།
     《བརྡ་ཐོའི》ནང་ནན་བཤད་བྱས་དོན། འཚོ་བཅུད་བཟའ་བཅའི་ཁ་གསབ་མ་དངུལ་ཚང་མ་སློབ་མར་རིན་གོང་མཉམ་པའི་སྤུས་ལེགས་བཟའ་བཅའ་མཁོ་འདོན་བྱེད་རྒྱུར་སྤྱོད་པ་ལས་དངུལ་སྨར་གྱི་རྣམ་པའི་ཐོག་ནས་སློབ་མའམ་ཡང་ན་ཁྱིམ་བདག་ལ་སྤྲོད་མི་ཆོག་ལ། དགེ་རྒན་ལས་བཟོ་དང་གྲོང་ཁྱེར་གྱི་སློབ་མའི་བཟའ་བཏུང་ཁ་གསབ་དང་། སློབ་གྲྭའི་སྤྱི་སྤྱོད་གྲོན་དངུལ་གྱི་ཁ་གསབ། ལས་མི་བསྡུ་བའི་འགྲོ་གྲོན་གྱི་གཏོང་སྒོ་སོགས་ཀྱི་ཐད་སྤྱོད་མི་ཆོག བཟའ་བཅའ་མཁོ་འདོན་བྱས་པའི་གཉེར་སྐྱོང་མ་གནས་དང་ཟ་ཁང་དུ་མི་སྣ་གདན་ཞུ་བྱས་པའི་འགྲོ་གྲོན་སོགས་ཀྱི་གཏོང་སྒོ་ས་གནས་ནོར་སྲིད་ཀྱི་སྔོན་རྩིས་ནང་འཇུག་དགོས། ཟ་ཁང(ཐབ་ཚང)གི་ཆུ་དང་། གློག རྡོ་སོལ། སོལ་རླངས་སོགས་རྒྱུན་གཏན་གྱི་འཁོར་སྐྱོད་གྲོན་དངུལ་དེ་སྤྱི་སྤྱོད་གྲོན་དངུལ་ཁོངས་སུ་འཇུག་དགོས། རིམ་ཁག་ནོར་སྲིད་དང་། སློབ་གསོ་སྡེ་ཚན་དང་དེའི་ལས་དོན་པ། འཚོ་བཅུད་བཟའ་བཅའི་ཁ་གསབ་མ་དངུལ་རེ་ཞུ་བྱས་ནས་སྤྱོད་པའི་ཚན་པ་དང་མི་སྒེར་ལ་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཡོད་ཚེ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་བ་དང་འབྲེལ་དེ་མཚུངས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན་པ་རེད།