འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་13ཉིན།

༄༅།།ལོ་ཁྲི་13གྱི་གོང་། མིའི་རིགས་མཚོ་བོད་ས་མཐོར་འཚོ་བ་གང་འདྲ་སྐྱེལ་གྱི་ཡོད་དམ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་13ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱི་ཚན་རིག་མཁས་ཅན་ལ་ཉེ་དུས་སི་ཁྲོན་འདབ་པ་ནས་ཉུང་མཐར་ཡང་ལོ་ཁྲི་13གོང་གི་རྡོ་ཆས་སྤྱོད་པའི་དུས་རབས་རྙིང་མའི་རྗེས་ཤུལ་ཏེ་ཕན་རོགས་རྗེས་ཤུལ་གསར་རྙེད་ཐུབ་ཅིང་། རྡོ་ཆས་ལག་རྩལ་མི་འདྲ་བ་ཁག་གསུམ་གྱི་རྡོ་ཆས་ཁྲི་གཅིག་ཙམ་དང་། མུ་འབྲེལ་ཆ་ཚང་བའི་རིག་གནས་བང་རིམ་7 མེ་ཤུལ་འབོར་ཆེན་བཅས་ཤེས་རྟོགས་ཐུབ་པ་རེད། དེའི་སྐབས་ཀྱི་མིའི་རིགས་མཚོ་བོད་ས་མཐོར་འཚོ་བ་གང་འདྲ་སྐྱེལ་གྱི་ཡོད་དམ་ཞེ་ན། རྡོ་ཆས་དེ་དག་ལས་ཤེས་རྟོགས་རགས་ཙམ་བྱེད་ཐུབ།
    ཕན་རོགས་རྗེས་ཤུལ་གནའ་རྫས་རྟོག་ཞིབ་བྱ་ཡུལ་མཚོ་བོད་ས་མཐོའི་ཤར་ལྷོའི་འདབས་སུ་གནས་ཤིང་། འདབ་པ་དང་བར་ཐག་སྤྱི་ལེ་2ཆོད་པ་དང་། འབྲི་ཆུའི་ཆུ་ལག་སྟེ་སྤང་ཆུ་རྒྱུག་མཚམས་སུ་ཡོད། རྗེས་ཤུལ་སྔོག་འདོན་གྱི་རྩད་ཕྱོགས་འགའི་གཏིང་ཚད་རིང་ཤོས་ལ་སྨི་གཉིས་ལྷག་ཙམ་ཟིན་པ་དང་། རྩད་འཚོལ་ཁ་ཕྱོགས་ཀྱི་བཅད་ངོས་ས་རིམ་ལས་ཚོན་མདོག་དམར་སེར་གཉིས་མངོན་ཞིང་། སེར་པོས་གྲང་དུས་མཚོན་ཞིང་། དམར་པོས་དྲོ་དུས་མཚོན་པ་དང་། ས་རིམ་ཚང་མས་ལོ་ཁྲི་ཕྲག་གི་དུས་ཚོད་མཚོན་གྱི་ཡོད།
    ད་ཐེངས་སྔོག་འདོན་ལག་བསྟར་གྱི་རུ་སྣེ་འཁྲིད་མཁན་སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་ཞིབ་འཇུག་ཁང་གནའ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཀྲེང་ཀྲི་ཤོན་གྱིས་ངོ་སྤྲོད་བྱས་དོན། ཁོང་གིས་རུ་སྣེ་ཁྲིད་དེ་2019ལོའི་ཟླ་4པར་ཁྲོན་བོད་ལྕགས་ལམ་ལམ་རྒྱུད་དུ་རིག་དངོས་ལ་བརྟག་དཔྱད་བྱེད་རིང་རྡོ་ཆས་སྤྱོད་པའི་དུས་རབས་རྙིང་མའི་རྗེས་ཤུལ་མང་པོ་གསར་རྙེད་ཐུབ་པ་དང་། རྗེས་སུ་རྒྱལ་ཁབ་རིག་དངོས་ཅུས་ཀྱི“ཀྲུང་གོར་གནའ་རྫས་རྟོག་ཞིབ་བྱེད་པའི”འཆར་འགོད་ཀྱི་མཛུབ་ཁྲིད་འོག་ལོ་གཉིས་རིང་ས་མཐོར་ཐེངས་གཉིས་སྐྱོད་སྐབས་ས་བབ་མཐོ་ཚད་སྨི་3000ལྷག་ཙམ་ཟིན་པའི་ཁྲོན་ནུབ་ས་མཐོ་ནས་རྡོ་ཆས་རྙིང་མ་གནས་ཡུལ་60ལྷག་ཙམ་གསར་རྙེད་ཐུབ་པ་དང་། 2020ལོའི་ཟླ་5པར་འདབ་པའི་ཕན་རོགས་རྗེས་ཤུལ་གསར་རྙེད་ཐུབ་པ་རེད། སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་ཞིབ་འཇུག་ཁང་དང་པེ་ཅིང་སློབ་ཆེན་ཚོགས་པས་མཉམ་དུ་རྒྱལ་ཁབ་རིག་དངོས་ཅུས་ལ་ཆོག་མཆན་ཞུས་ཤིང་། 2021ལོའི་ཟླ་4པར་ཕན་རོགས་རྗེས་ཤུལ་སྔོག་འདོན་བྱེད་འགོ་ཚུགས་པ་དང་། སི་ཁྲོན་ཞིང་ཆེན་རིག་དངོས་ཅུས་ཀྱིས་འཕྲལ་མ་ཉིད་དུ་ཕན་རོགས་རྗེས་ཤུལ་ལ“སྔོག་འདོན་བྱེད་ཀྱིན་སྲུང་སྐྱོང་དང་ཞིབ་འཇུག་བྱེད་པའི”གནས་གསུམ་གཞི་གཅིག་གི་བྱ་ཐབས་སྤྱད་པ་རེད།
    ཀྲུང་གོ་གནའ་རྫས་རྟོག་ཞིབ་ཚོགས་པའི་རྡོ་ཆས་རྙིང་མའི་གནའ་རྫས་རྟོག་ཞིབ་ཆེད་ལས་ཨུ་ཡོན་ལྷན་ཁང་གི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་རིགས་པས་ཁུངས་སྐྱེལ་དང་ངོས་འཛིན་གཏན་འཁེལ་བྱས་པ་བརྒྱུད། ཕན་རོགས་རྗེས་ཤུལ་ནི་དུས་དང་བར་སྟོང་ཆགས་སྟངས་ཐུན་མོང་མ་ཡིན་པ་དང་། གཞི་ཁྱོན་ཧ་ཅང་ཆེ་བ། ས་རིམ་ཉར་ཚགས་ཆ་ཚང་བ། རིག་གནས་གོ་རིམ་ཁ་གསལ་བ། ཤུལ་དངོས་དང་རྗེས་ཤུལ་ཕུན་སུམ་ཚོགས་པ། ལག་རྩལ་གྱི་ཁྱད་ཆོས་མངོན་གསལ་དོད་པ། རིག་གནས་ཀྱི་གཞི་རྒྱུ་སྣ་ཚོགས་འདྲེས་པ་བཅས་ཀྱི་མཐོང་དཀོན་པའི་རྡོ་ཆས་སྤྱོད་པའི་དུས་རབས་རྙིང་མའི་ཐང་རྒྱ་ཆེ་བའི་རྗེས་ཤུལ་ཞིག་རེད།
   མཐོང་དཀོན་པ་ནི། དང་ཐོག་ཆ་ཚང་མུ་འབྲེལ་གྱི་ས་རིམ་བཅད་ངོས་ཡིན་ཞིང་། བཅད་ངོས་ལས་མངོན་གསལ། གསར་སྒྱུར་དུས་དཀྱིལ་གྱི་དུས་མཇུག་ནས་གསར་སྒྱུར་དུས་ཕྱི་མ་བར་མུ་འབྲེལ་གྱི་ས་རིམ་ཕུང་གསོག་དང་རིག་གནས་རིམ་གནས་ཡོད་པས་ད་བར་ལོ་ཁྲི་20ནས་13བར་གྱི་ཆ་ཚང་བའི་ས་རིམ་ཆ་འཕྲིན་ཉར་ཚགས་ཐུབ་ཡོད་པ་རེད།
    རྗེས་ཤུལ་གྱི་གཞི་ཁྱོན་ཧ་ཅང་ཆེ་ཞིང་། ལྷོ་བྱང་གི་རིང་ཚད་སྤྱི་ལེ་2དང་། ཤར་ནུབ་ཀྱི་ཞེང་ཚད་སྨི་500ཟིན་པ་དང་སྤྱིའི་རྒྱ་ཁྱོན་མི་རྣམས་ཧང་སངས་དགོས་པའི་སྨི་ངོས་གྲུ་ཁྲི་བརྒྱ་ཕྲག་ཟིན་ཡོད། རྗེས་ཤུལ་ཧྲིལ་པོའི་ས་ངོས་གནའ་ཤུལ་ཕུན་སུམ་ཚོགས་པོ་ཡོད་པ་ལས་གནའ་བོའི་མི་རྣམས་གནས་འདིར་དུས་ཡུན་རིང་པོ་འཚོ་སྡོད་དང་འགུལ་སྐྱོད་ཐེངས་མང་བྱས་པ་མཚོན་གྱི་ཡོད། རྗེས་ཤུལ་དེ་ནས་གསར་རྙེད་ཐུབ་པའི་སྟ་རེ་དང་སྟ་གྲི་སྲབ་མོ་སོགས་ཀྱི་རྡོ་ཆས་ཀྱི་གྲངས་འབོར་ཕུན་སུམ་ཚོགས་པ་དང་། རྣམ་པ་ཚད་དང་མཐུན་པ། ལག་རྩལ་བྱང་ཆུབ་པ་བཅས་ཡོད། འདི་ཁུལ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3750ཟིན་ཞིང་། མིག་སྔར་འཛམ་གླིང་ཐོག་གསར་རྙེད་ཐུབ་པའི་ས་བབ་མཐོ་ཤོས་ཀྱི་ཨ་ཧྲེ་ལིའི་རྡོ་ཆས་ལག་ཤེས་ཀྱི་འཕྲོས་ལུས་རེད།