འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་23ཉིན།

༄༅།།བོད་ལྗོངས་མལ་གྲོ་གུང་དཀར་རྫོང་གི་རྒན་རྒོན་ཚོས་ཟླ་མཆོད་དུས་ཆེན་བཏང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་23ཉིན། 15:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     “ཟླ་མཆོད་བག་ལེབ་ཀྱི་ནང་རྩི་ནི་ཕྱུར་བ་ཡིན་སྟབས་དངོས་གནས་ཞིམ་པོ་འདུག”ཅེས་ལོ་72ལ་སླེབས་པའི་མཁའ་མཚོ་ཡིས་བོད་ལུགས་ཟླ་མཆོད་བག་ལེབ་ཀྱི་བྲོ་བ་མྱོང་བཞིན་འཛུམ་གྱིས་བཤད།
     མཁའ་མཚོ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་སྡོད་པ་དང་དེ་གར་ད་དུང་མི་ཧྲེང་རྒན་རྒོན་102ཚེ་མཇུག་བདེ་ལ་རོལ་བཞིན་ཡོད།
     ཉིན་ཤས་གོང་བསྙེན་བཀུར་ལྟེ་གནས་ཀྱིས་རྒན་རྒོན་ཚོར་ཟླ་མཆོད་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་ཞིག་སྤེལ་བ་རེད། རྒན་རྒོན་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ་ལ་ལ་སྐྱོར་རེས་བྱས་ནས་ཡོང་བ་དང་། ལ་ལས་འཁར་རྒྱུག་བཙུགས་ནས་ཡོང་བ། ཡང་ལ་ལ་རྐུབ་སྟེགས་འཁོར་ལོར་བསྐྱོན་ནས་ཚོགས་ཁང་དུ་ཁྲིད་ཡོང་གི་འདུག ཞིབ་ཚགས་ངང་བཀོད་སྒྲིག་བྱས་པའི་ཚོགས་ཁང་ནང་དགའ་སྤྲོའི་རྣམ་པས་ཁེངས་པ་དང་གསོལ་ལྕོག་ཚང་མའི་སྟེང་དུ་ཤིང་འབྲས་དང་བཏུང་བྱ་སྣ་ཚོགས་བསྒྲིགས་ཡོད། མཁའ་མཚོས་ཕྱུ་པ་སྔོན་པོ་ཞིག་གྱོན་ནས་རྒན་རྒོན་གཞན་དག་དང་མཉམ་དུ་ཞིམ་ཟས་ཟ་ཞོར་དུ་ལྟད་མོ་བལྟས་ནས་བསྡད། མཁའ་མཚོ་ན་ནིང་ལོ་མཇུག་ཏུ་བསྙེན་བཀུར་ལྟེ་གནས་སུ་སླེབས་མ་ཐག་ཡིན་པས་རོགས་པ་མེད་པའི་སེམས་ཁྲལ་བྱེད་ཀྱི་ཡོད། “བསྙེན་བཀུར་ལྟེ་གནས་ཀྱི་མི་ཚང་མ་ངས་ངོ་མི་ཤེས་སྟབས་གྲོང་ཚོར་སྡོད་པ་དང་གཅིག་པ་ག་ལ་ཡིན”
     སྔོན་ལ་ཉམས་ཚོད་ལྟ་བའི་བསམ་ཚུལ་བཅངས་ནས་མཁའ་མཚོ་བསྙེན་བཀུར་ལྟེ་གནས་སུ་སྤོས། འོན་ཀྱང་ཁོང་དེ་གར་སྤོས་རྗེས་དེ་ག་ནས་བྲལ་འདོད་གཏན་ནས་མེད། དེ་གའི་བདེ་སྐྱིད་འཚོ་བ་བསམ་ཡུལ་ལས་འདས་པ་སྟེ། “ཟས་གོས་སྡོད་གསུམ་ཚང་མར་སེམས་ཁྲལ་མེད་ལ་ལས་དོན་མི་སྣས་བུ་ཕྲུག་བཞིན་ང་ཚོར་ལྟ་རྟོག་བྱེད་ཀྱི་འདུག”
     ནད་གཡོག་ཆོས་ཉིད་བཟང་མོ་བསྙེན་བཀུར་ལྟེ་གནས་སུ་ལས་ཀ་བྱས་ནས་ལོ་5སོང་བས་ཁོང་གིས་རྒན་རྒོན་གྱི་གཟུགས་གཞི་དང་འཚོ་བའི་གོམས་གཤིས་ལ་རྒྱུས་མངའ་ཆེན་པོ་ཡོད་པ་རེད། ཆོས་ཉིད་བཟང་མོས། དུས་རྒྱུན་བསྙེན་བཀུར་ལྟེ་གནས་སུ་ཆུ་ཚོད་24ཡི་རིང་ལྟ་སྐྱོང་བྱེད་དགོས་པས་ང་ཚོ་དང་རྒན་རྒོན་གཉིས་ལུས་དང་གྲིབ་མ་བཞིན་འགྲོགས་དགོས་ལ་ཕན་ཚུན་སྙིང་གཏམ་ཚང་མ་ཤོད་ཀྱི་ཡོད་ཅེས་བཤད། རྒན་རྒོན་ཚོས“བུ་ཕྲུག་ཡོད་ནའང་ཁོང་ཚོ་བཞིན་ཉིན་ལྟར་ང་ཚོའི་འགྲམ་དུ་སྡོད་ག་ལ་སྲིད”ཅེས་བཤད།
     “དུས་ཆེན་འཆར་རིམ་བཞིན་བསྙེན་བཀུར་ལྟེ་གནས་ཀྱིས་རྒན་རྒོན་ཚོར་བྱེད་སྒོ་འདྲ་མིན་སྣ་ཚོགས་བཀོད་སྒྲིག་བྱས་ཏེ་ཁོང་ཚོའི་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་གི་ཡོད”ཅེས་བོད་ལྗོངས་མལ་གྲོ་གུང་དཀར་རྫོང་དམངས་སྲིད་ཅུས་འགན་ལེན་ལྔའི་བསྙེན་བཀུར་ལྟེ་གནས་ཀྱི་ཀྲུའུ་རེན་ཚེ་དབང་རྣམ་རྒྱལ་གྱིས་བཤད།
     ལྟ་རྟོག་གང་ལེགས་བྱས་པ་ཕུད། ཚན་རྩལ་གསར་པས་རྒན་རྒོན་ཚོའི་བདེ་ཐང་ལ་གཡས་གཞོགས་གཡོན་འདེགས་བྱེད་ཅིང་། འདི་ལོ་རིག་ལྡན་རྒན་གསོའི་ཉལ་ཁྲི་གསར་པ་བསྙེན་བཀུར་ལྟེ་གནས་སུ་བེད་སྤྱོད་གཏོང་འགོ་ཚུགས་ཡོད།
     ཚེ་དབང་རྣམ་རྒྱལ་གྱིས་ངོ་སྤྲོད་བྱས་པར། རྒན་རྒོན་ཚོ་དུས་རྒྱུན་ཉལ་ཁྲིའི་སྟེང་དུ་སྡོད་པའི་དུས་ཚོད་རིང་ཤོས་ཡིན་སྟབས། ཉལ་ཁྲིའི་སྟེང་གི་ལྟ་ཞིབ་ཚད་ལེན་མ་ལག་ནས་ཁོང་ཚོའི་གཟུགས་པོའི་ཚ་བ་དང་། ཁྲག་ཤེད། སྙིང་འཕར་ཚད་སོགས་གཟུགས་པོའི་སྟོན་གྲངས་དུས་ཐོག་ཏུ་ནད་གཡོག་ཁང་གི་མཐའ་སྣེར་བརྒྱུད་སྐྱེལ་ཐུབ་པས་དུས་དང་རྣམ་པ་ཀུན་ཏུ་ལྟ་སྐྱོང་བྱེད་པར་སྟབས་བདེ་ཡོང་གི་ཡོད།
     བོད་ལྗོངས་མལ་གྲོ་གུང་དཀར་རྫོང་གིས་ལྷ་ས་གྲོང་ཁྱེར་དུ་རིག་ལྡན་རྒན་གསོ་སྔོན་ལ་འཚོལ་ཞིབ་བྱས་ནས་གསར་གཏོད་ནད་སྐྱོང་དེ་དགོས་མཁོ་ཡོད་པའི་ཁྱིམ་ཚང་ཚང་མར་ཁྱབ་གདལ་བཏང་བ་རེད། བོད་ལྗོངས་མལ་གྲོ་གུང་དཀར་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་བསོད་ནམས་པད་མས། མལ་གྲོ་གུང་དཀར་རྫོང་དུ་ལོ་60ཡན་གྱི་རྒན་རྒོན་4470ལྷག་ཙམ་ཡོད་པ་དེས་རྫོང་ཡོངས་ཀྱི་མི་འབོར་གྱི་9%བཟུང་ཡོད། ཚན་རིག་དང་མཐུན་པའི་རྒན་གསོ་བྱེད་སྟངས་རིམ་བཞིན་མི་སེམས་སུ་ཟུག་ཡོད་ལ་སྲིད་གཞུང་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཏུའང་གྱུར་ཡོད་ཅེས་བཤད།
     གྲངས་གཞི་ལས་མངོན་པར། མིག་སྔའི་བར་རྒྱལ་ཁབ་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་30ཙམ་བཏང་ནས་བོད་དུ་དམིགས་བསལ་དཀའ་ངལ་ཡོད་པའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་80བསྐྲུན་ཏེ་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་གཅིག་སྡུད་བསྙེན་བཀུར་བྱེད་ཚད་100%ཟིན་པ་བྱས་ཡོད།