འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་18ཉིན།

༄༅།།སློབ་འབྲིང་སློབ་མ་སྙིང་མོ་ཐར་གྱི་མདའ་འཕེན་ཕུགས་འདུན།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་18ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     རིག་པ་རྩེ་གཅིག་ཏུ་བསྒྲིམས་ནས་མདའ་འབེན་ལ་འཕངས་ཤིང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དུ་གཉེར་བའི་མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་མདའ་འཕེན་རྣམ་གྲངས་འགྲན་བསྡུར་སྐབས་སློབ་འབྲིང་སློབ་མ་མང་པོ་ཞིག་དར་མ་དང་མཉམ་དུ་རྩལ་འགྲན་འགྲན་བསྡུར་ཐེངས་དང་པོ་བྱས་པ་དང་། སྐབས་དེའི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད།
     འགྲན་བསྡུར་ཚར་གཅིག་མཇུག་འགྲིལ་བའི་སྙིང་མོ་ཐར་སེམས་ལྷོད་ལ་བབས་ནས་རྩལ་ཁྲིད་དགེ་རྒན་གྱི་གམ་དུ་ཕྱིན། རྩལ་ཁྲིད་དགེ་རྒན་གྱིས་ལོ་15ལ་སླེབས་པའི་བུ་མོ་དེའི་མགོ་བོར་བྱིལ་བྱིལ་བྱེད་བཞིན་མདའ་རྩལ་སྐོར་དབྱེ་ཞིབ་བྱེད་རོགས་བྱས་པ་དང་། “དར་མ་དང་འགྲན་བསྡུར་བྱེད་ཐེངས་དང་པོ་ཡིན་པས་དངངས་སྐྲག་མི་སྐྱེ་བ་ག་ལ་སྲིད”ཅེས་སེམས་གསོ་བཏང་།
     སྙིང་མོ་ཐར་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་ལོ་རིམ་དང་པོའི་སློབ་མ་ཡིན་ཞིང་། ཆུང་དུས་ནས་མདའ་འཕེན་ལ་ཧ་ཅང་དགའ་པོ་ཡོད། ལོ་12ཀྱི་སྐབས་སུ་སྙིང་མོ་ཐར་མཚོ་ལྷོ་ཀྲོའུ་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་དུ་དམའ་རིམ་སློབ་འབྲིང་འགྲིམ་བཞིན་ཡོད་པ་དང་། ཁོ་མོས་བཙུགས་མ་ཐག་གི་སློབ་གྲྭའི་མདའ་འཕེན་དགའ་ཕྱོགས་གསོ་སྦྱོང་འཛིན་གྲྭར་ཐེ་ཚོམ་མེད་པར་མིང་ཐོ་བཀོད།
     སྙིང་མོ་ཐར་གྱིས“ཕ་ཡུལ་གྱི་ཚབ་བྱས་ནས་འགྲན་བསྡུར་ནང་ཞུགས་རྒྱུ་བྱུང་བར་ང་དགའ་པོ་དང་སྤོབས་པ་སྐྱེ་གི་འདུག་ལ་གོ་སྐབས་དེར་གཅེས་སྤྲས་ཆེན་པོ་བྱེད་ཀྱི་ཡོད”ཅེས་བཤད། སྐབས་འདིའི་མི་རིགས་ལུས་རྩལ་འགྲན་ཚོགས་ཐོག་ཁོ་མོ་བུད་མེད་ཀྱི་དེང་རབས་སྲོལ་རྒྱུན་ཚོགས་པའི་འགྲན་བསྡུར་ནང་ཞུགས། ཞིང་ཆེན་རིམ་པའི་དར་མའི་འགྲན་བསྡུར་ནང་ཞུགས་ཐེངས་དང་པོ་ཡིན་པར་བརྟེན་སྙིང་མོ་ཐར་གྱིས་རང་གི་ཆུ་ཚད་ངོ་མ་འདོན་ཐུབ་མེད་ཅིང་ཁོ་མོ་དང་རུ་མི་ཚོར་གཟེངས་བསྟོད་རྟགས་མ་ལེན་ཐུབ་མེད།
     མཚོ་བོད་ས་མཐོར་གནས་པའི་མཚོ་སྔོན་ལ་མི་རིགས་མང་བ་དང་རིག་གནས་སྣ་མང་ཡོད་པས་མདའ་འཕེན་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་རྣམ་གྲངས་ཤིག་རེད། མཚོ་སྔོན་གྱི་ས་གནས་ཁག་ཏུ་ད་བར་གནའ་བོའི་མི་རིགས་ཀྱི་དམངས་ཁྲོད་མདའ་འཕེན་ལུས་རྩལ་དང་མི་རིགས་ཀྱི་མདའ་འཕེན་རིག་གནས་ཡོད་ཅིང་། རྨ་ཙོང་ས་ཁུལ་གྱི་དམངས་ཁྲོད་མདའ་འཕེན་བྱེད་སྒོ“ལྷོ་རིའི་མདའ་འཕེན”དེ་2008ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད་པ་རེད། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་གཅན་ཚ་རྫོང་དེ་2007ལོར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས“ཀྲུང་གོའི་མི་རིགས་མདའ་འཕེན་ལུས་རྩལ་གྱི་ཕ་སར”བདམས་པ་རེད།
     འགྲན་བསྡུར་གྱི་འབྲེལ་ཡོད་འགན་འཁུར་བས། གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་དེ་འགྲན་བསྡུར་གཞན་དག་དང་བསྡུར་ན་དམངས་ཡོངས་ཞུགས་ཚད་དང་འགྲན་བསྡུར་ནང་ཞུགས་མཁན་གྱི་ལོ་ཚད་ལ་ཚད་བཀག་མེད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱི་མདའ་འཕེན་ལུས་རྩལ་ཁྱབ་གདལ་དང་འཕེལ་རྒྱས་མྱུར་པོ་བྱུང་ནས་མི་རིགས་ཁག་གི་མང་ཚོགས་དབར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད། 2017ལོར་མཚོ་སྔོན་ཞིང་ཆེན་གྱིས“མདའ་འཕེན་ལུས་རྩལ་སློབ་གྲྭར་སྤེལ་བའི”བྱེད་སྒོ་སྤེལ་འགོ་ཚུགས་པ་དང་། མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་འགོ་མི་རིགས་སློབ་འབྲིང་དང་། མཚོ་ལྷོ་ཀྲོའུ་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ་སོགས་སློབ་གྲྭ་བཅུ་རུ་ཚོད་ལྟ་ཁག་དང་པོ་བྱས་ནས་སློབ་མ་སྒྲིག་འཛུགས་ཀྱིས་གཟའ་འཁོར་རེར་མདའ་འཕེན་སྦྱོང་བརྡར་བྱེད་ཀྱི་ཡོད་པ་རེད།