འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་15ཉིན།

༄༅།།བོད་རང་སྐྱོང་ལྗོངས་ཀྱི་ནགས་ཚལ་མེ་ཟོན་ས་ཚིགས་དང་པོའི་སྒོ་བྱང་དངོས་སུ་བཀལ་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་15ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ལྷོ་ཁ་ནས་ཟླ་9ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་11ཉིན་གྱི་ཕྱི་དྲོར། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ལྷོ་ཁ་ལྷུན་རྩེ་རྫོང་ཡུལ་སྨད་ཤང་འཕྲལ་སྡོམ་དོ་དམ་ས་ཚིགས་དང《ནགས་ཚལ་མེ་ཟོན་ས་ཚིགས་མཉམ་སྐྲུན་གྱི་གྲོས་མཐུན》བཞག་པ་དང་འབྲེལ་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་མ་ཟད། ནགས་ཚལ་མེ་ཟོན་ཁ་པར་ཨང་གྲངས་12119ཁྱབ་བསྒྲགས་བྱས་པ་དེ་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱི་ནགས་ཚལ་མེ་ཟོན་ས་ཚིགས་དང་པོའི་སྒོ་བྱང་དངོས་སུ་བཀལ་བ་མཚོན་ཡོད་པ་རེད།
     “ཕ་ཡུལ་ནི་ཡུལ་སྨད་དང་། རྒྱལ་ཁབ་ནི་ཀྲུང་གོ་ཡིན” ཡུལ་སྨད་ཤང་ནི་ལྷུན་རྩེ་རྫོང་གི་བྱང་ཤར་རྒྱུད་དུ་གནས་ཤིང་། ལྷུན་རྩེ་རྫོང་གྲོང་དང་བར་ཐག་སྤྱི་ལེ་197ཡོད། ཤང་ཡོངས་ཀྱི་ས་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་3644ཡོད་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་3650ཟིན་པ། མཐའ་མཚམས་ལམ་ཐིག་གི་རིང་ཚད་ལ་སྤྱི་ལེ་79ཟིན་པ། ནགས་ཚལ་གྱི་རྒྱ་ཁྱོན་མུའུ་ཁྲི་25ཟིན་པ་བཅས་ལྷུན་རྩེ་རྫོང་ཁོངས་སུ་རྒྱ་ཁྱོན་ཆེ་ཤོས་ཀྱི་ཤང་ཞིག་རེད་ལ་ས་སྲུང་མཐའ་བརྟན་གྱི་འགན་འཁྲི་གལ་ཆེན་ཡང་འཁུར་དགོས་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང“བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུ་ཆེད། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ཡུལ་སྨད་ཤང་དུ་ནགས་ཚལ་མེ་ཟོན་ས་ཚིགས་དང་པོ་དེ་བཙུགས་ནས་ཡུལ་སྨད་ཤང་ལ“དཔེ་སྟོན་གསུམ་དང་རྟེན་གཞི་གཅིག”གི་རང་སྐྱོང་ལྗོངས་རིམ་པའི་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་འཛུགས་པར་ནགས་ཚལ་གྱི་མེ་ཟོན་འགོག་སྲུང་ར་བ་བཏོད་པ་རེད།
     མཉམ་སྐྲུན་ལས་དོན་སྒྲུབ་རིང་། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ཡུལ་སྨད་ཤང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འབྲེལ་གཏུག་པའི་ལམ་ལུགས་བཙུགས་ནས་དུས་བཀག་ནང་གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་ལས་དོན་སྤེལ་ཏེ་སྟབས་བདེ་ལ་མྱུར་བའི་འཕྲིན་གཏོང་བྱ་ཐབས་བཟོས་ནས་ནགས་ཚལ་མེ་སྐྱོན་འཕྲལ་སྡོམ་ཐག་གཅོད་ཀྱི་དུས་མཚམས་མི་འདྲ་བའི་ཆ་འཕྲིན་སྤེལ་རེས་དང་མཐུན་སྦྱོར་གྱི་ལས་འགན་འཁུར་རྒྱུ་དང་། ནགས་ཚལ་མེ་སྐྱོན་འགོག་ཟོན་གྱི་གྲོས་མོལ་ལམ་སྲོལ་བཙུགས་ཏེ་མེ་སྐྱོན་ཐོན་སྐབས་སྤྱི་ཁྱབ་རུ་ཁག་གིས་རོགས་སྐྱོབ་བྱས་ནས་མེ་གསོད་པ་དང་ནགས་ཚལ་མེ་ཟོན་གྱི་དུས་སྐབས་སུ་ནགས་ཚལ་མེ་ཟོན་གྱི་དྲིལ་བསྒྲགས་བྱ་རྒྱུ་དང་འབྲེལ་སྒྲིག་ཆས་དང་དངོས་ཟོག་ཐད་རྒྱབ་སྐྱོར་བྱ་རྒྱུ། མཉམ་འབྲེལ་གསོ་སྦྱོང་ནང་སྦྱོང་གི་ལམ་སྲོལ་བཙུགས་ནས་ཕྱོགས་གཉིས་པོས་གསོ་སྦྱོང་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་སྤྱི་ཁྱབ་རུ་ཁག་གིས་ཡུལ་སྨད་ཤང་གི་འཕྲལ་སྡོམ་དོ་དམ་ས་ཚིགས་ལ་ནགས་སྲུང་དཔུང་ཁག་གསོ་སྦྱོང་བྱས་ནས་ནགས་ཚལ་གྱི་མེ་ཟོན་མེ་གསོད་མི་སྣ་གྲབས་གསོག་དང་། ནང་སྦྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དུས་ངེས་མེད་ལ་ནང་སྦྱོང་སྒྲིག་འཛུགས་བཅས་བྱས་ཏེ་ནགས་ཚལ་མེ་སྐྱོན་ལ་འགོག་ཟོན་དང་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་རྒྱུ་བཅས་རེད།