འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་13ཉིན།

༄༅།།ལུས་རྩལ་ལས་མི་ཚེར་འགྱུར་ལྡོག་བྱུང་བའི་བོད་ལྗོངས་ཀྱི་ཕྲུ་གུ་ཚོ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་13ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། མིག་སྔར་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དུ་ཆར་ཆུ་མང་བའི་དུས་ཡིན་ཡང་། ས་གནས་འདི་གའི་མང་ཚོགས་ཀྱིས་རྐང་རྩེད་སྤོ་ལོར་བཅངས་པའི་སྤྲོ་སེམས་སྔར་བཞིན་ཆེ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་ཆགས་པའི་ཡུལ་དེ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི་རྫོང་ཁོངས་རྐང་རྩེད་སྤོ་ལོའི་དཔེ་མཚོན་མིང་ཐོའི་ནང་བདམས་མ་ཐག་ཡིན་པ་དང་། རྫོང་དེའི་ལོ་16ལ་སླེབས་པའི་གཞོན་ནུ་ལོ་ཆུང་དབང་ཆེན་ནོར་བུ་ཧེང་ཏ་རྐང་རྩེད་སྤོ་ལོའི་སློབ་གྲྭར་ཚུད།
     “ཕྲུ་གུ་ཚོ་ཕྱིར་སྐྱོད་ཐུབ་རེ་ཡོད། ཁོང་ཚོར་ཡང་དེ་འདྲའི་ཕུགས་བསམ་ལྡན་དགོས”ཞེས་མེ་ཏོག་ཆ་ཚང་སློབ་ཆུང་ཉི་འོད་གཞོན་ནུ་རྐང་རྩེད་སྤོ་ལོའི་རུ་ཁག་གི་རྩལ་ཁྲིད་པ་ངག་དབང་རྣམ་རྒྱལ་གྱིས་བཤད།
     བོད་དུ་ཕྲུ་གུ་མང་པོས་ལུས་རྩལ་ལ་བརྟེན་ནས་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་བྱས་ཡོད། མི་རྣམས་ཀྱི་སྲོལ་རྒྱུན་བག་ཆགས་ནང་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པའི་ས་མཐོ་ལུས་རྩལ་དང་འབྲེལ་བ་མེད་པའི་སྣང་བ་ཡོང་གི་ཡོད་ཀྱང་། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱིས་བོད་ཀྱི་རྩལ་འགྲན་ལུས་རྩལ་དང་ལུས་རྩལ་ཐོན་ལས་སོགས་ཁྱབ་ཁོངས་ལ་མ་དངུལ་བཏང་བ་དང་བསྟུན་ནས་བོད་ཀྱི་ཕྲུ་གུ་དེ་བས་མང་བ་རི་གྲོང་དང་འབྲོག་ར་ནས་ཐོན་ཏེ་རང་ཉིད་ཀྱི་མི་ཚེར་འགྱུར་ལྡོག་གཏོང་བཞིན་ཡོད།
     “85ནང་སྐྱེས”ཀྱི་གཞོན་ནུ་བདེ་ཆེན་དངོས་གྲུབ་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་ནས་ཡིན་པ་དང་དེ་ནི་ཇོ་མ་གླང་མ་དང་ཐག་ཉེ་ཤོས་ཀྱི་སྲིད་འཛིན་ཤང་རེད། ཁོང་བོད་ལྗོངས་རི་འཛེག་སློབ་གྲྭར(ད་ལྟའི“བོད་ལྗོངས་ལྷ་ས་ཧི་མ་ལ་ཡའི་རི་འཛེག་ཁྲིད་སྟོན་པའི་སློབ་གྲྭ”ཞེས་པར)རྒྱུགས་འཕྲོད་ནས་ཆེད་ལས་ཀྱི་རི་མཐོའི་ཁྲིད་སྟོན་པ་སྔ་ཤོས་ཀྱི་གྲས་སུ་གྱུར་ཡོད། ད་ཆ་ས་བབ་མཐོ་ཁུལ་དང་རྒྱལ་སྤྱིའི་རི་འཛེག་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་ཁོང་བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱི་ལས་དོན་པ་ཞིག་ཡིན་པ་དང་། རི་འཛེག་ཁོར་ཡུག་སྲུང་སྐྱོང་དང་ཐོན་ལས་གསར་སྤེལ་སོགས་ཀྱི་ལས་དོན་མང་པོའི་འགན་འཁུར་གྱི་ཡོད།
     བདེ་ཆེན་དངོས་གྲུབ་ཀྱི་འཚར་ལོངས་བརྒྱུད་རིམ་ནི་མི་རབས་གསར་པའི་བོད་ཀྱི་རི་འཛེག་པའི་ཁྲོད་དུ་ད་དུང་མང་པོ་ཡོད། ད་ཆ་རི་འཛེག་ལུས་རྩལ་རྒྱལ་ཁབ་ཀྱི་ལས་འགན་ནས་སྤྱི་ཚོགས་ཅན་དང་ཐོན་ལས་ཅན་གྱི་བྱེད་སྒོའི་ཕྱོགས་སུ་བསྒྱུར་ཏེ་རི་ཁུལ་དུ་གནས་པའི་མང་ཚོགས་ལ་ཡོང་འབབ་བྱུང་བ་མ་ཟད། རི་གྲོང་གི་ཕྲུ་གུ་དེ་བས་མང་བར་མི་ཚེའི་གོ་སྐབས་གསར་པ་ཞིག་བཏོད་ཡོད།
     2016ལོ་ནས་བཟུང་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་རི་འཛེག་པ་2300ལྷག་ཙམ་ལ་སྣེ་ལེན་ཞུས་ནས་རི་ཁུལ་གྱི་མང་ཚོགས་ལ་ཡོང་འབབ་མི་དམངས་ཤོག་སྒོར་ཁྲི་3000ལྷག་ཙམ་བཏོད་ཡོད། བོད་ཀྱིས་ད་དུང་རྒྱལ་ཡོངས་ཀྱི་རི་ཁུལ་ཕྱི་རོལ་ལུས་རྩལ་ཁུལ་ཆེན་གཏོད་རྒྱུར་གཞི་ཚུགས་ནས“ཧི་མ་ལ་ཡ་སྐོར་བའི”ལུས་སྦྱོང་སྤྲོ་གསེང་འགྲན་བསྡུར་གྱི་མ་ལག་ནུས་ཤུགས་ཡོད་རྒུས་བཏོད་ཡོད།
     ཀྲུང་གོའི་ཆེད་དུ་འབད་འཐབ་བྱེད་པ་ནི་བོད་ཀྱི་ལུས་རྩལ་པ་ཡོངས་ཀྱི་ཕུགས་འདུན་ཡིན། 2018ལོར་འབྲིང་རྒྱུག་དང་རྒྱང་རྒྱུག་ལུས་རྩལ་པ་སྟོབས་རྒྱལ་གྱིས་ཅ་ཁར་ཐའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ནང་མར་སུན་རྒྱང་རྒྱུག་གི་ཟངས་ཀྱི་རྟགས་མ་བླངས་ནས་ཀྲུང་གོའི་སྐྱེས་པའི་ལུས་རྩལ་པར་རྣམ་གྲངས་དེའི་ཐད་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་གཟེངས་བསྟོད་རྟགས་མ་ཐོབ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད། འདི་ལོ་ལོ་27ལ་སླེབས་པའི་ཁོང་བོད་ཀྱི་རྒྱང་རྒྱུག་འབྲིང་རྒྱུག་ཁྲོད་ཀྱི་སྣེ་ཁྲིད་མི་སྣར་གྱུར་ཡོད།
     “ངའི་ཁྱིམ་དུ་ལུས་རྩལ་པ་མེད། གལ་ཏེ་རྣམ་གྲངས་དེའི་ནང་ཞུགས་མེད་ཚེ་ང་རང་ད་ཆ་ཕ་ཡུལ་དུ་ལུག་འཚོ་བ་དང་གླ་པ་རྒྱུག་ནས་བསྡད་ཡོད་ཀྱི་རེད”ཅེས་སྟོབས་རྒྱལ་གྱིས་བཤད། ཁོང་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱི་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཡོད་པའི་འབྲོག་རར་སྐྱེས་པ་དང་། དབྱར་གསེང་རིང་ལུག་འཚོ་སྐབས་རོགས་པ་ཚོ་དང་མཉམ་དུ་རི་ཀླུང་གང་སར་འགྲོ་གི་ཡོད། 2009ལོར་ཁོང་བོད་ལྗོངས་ལུས་རྩལ་སློབ་གྲྭར་རྒྱང་རྒྱུག་དང་འབྲིང་རྒྱུག་སྦྱོང་བརྡར་བྱེད་པར་བདམས།
     2011ལོར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་མཆོང་རྒྱུག་འཕེན་གསུམ་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས“མཆོང་རྒྱུག་འཕེན་གསུམ་གྱི་ས་མཐོའི་ཤེས་ལྡན་མི་སྣ་གསར་སྤེལ་འཆར་གཞི”བཏོན་པར་བརྟེན་སྟོབས་རྒྱལ་དང་རུ་མི་ཚོས་2014ལོ་ནས་བཟུང་ལོ་ལྟར་ཨེ་ཙེ་ཨོ་ཕི་ཡར་བསྐྱོད་དེ་ཨ་ཧྥེ་རི་ཁའི་ཆུ་ཚད་མཐོ་བའི་རྒྱང་རྒྱུག་འབྲིང་རྒྱུག་ལུས་རྩལ་པ་དང་མཉམ་དུ་སྦྱོང་བརྡར་བྱེད་ཀྱི་ཡོད།
     ཁོང་དང་འདྲ་བར་འབྲོག་ཁུལ་ནས་འཛམ་གླིང་འགྲན་རར་སྐྱོད་མཁན་ད་དུང་གངས་ཤུད་རི་འཛེག་ལུས་རྩལ་པ་བསོད་ནམས་ཆོས་སྒྲོན་ཡང་ཡོད། 2020ལོའི་ལུའོ་སན་དགུན་དུས་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཐོག་ལོ་17ལ་སླེབས་པའི་བསོད་ནམས་ཆོས་སྒྲོན་ལ་མི་སྒེར་གྱི་བྱེས་བགྲོད་འགྲན་བསྡུར་དང་ཐུང་རྒྱུག་འགྲན་བསྡུར་གྱི་ཨང་བཞི་པ་གཉིས་ཐོབ་ནས་གངས་ཤུད་རི་འཛེག་རྣམ་གྲངས་ཁྲོད་ཀྱི་ཀྲུང་གོའི་བདམས་ཐོན་པའི་གྲུབ་འབྲས་ཡག་ཤོས་བཏོད་ཡོད། “ཁོང་ནི་ཀྲུང་གོའི་བུ་མོ་མགྱོགས་པོ་དེ་རེད” གངས་ཤུད་ར་བ་དང་རི་འཛེག་མེ་འཁོར་ནང་བསོད་ནམས་ཆོས་སྒྲོན་སྐབས་ཤིག་རིང་ངོ་ཐག་ཆོད་ཤོས་ཀྱི་ལུས་རྩལ་པར་གྱུར།
     ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་འགོ་ཚུགས་པའི་སྔ་ནུབ་ཏུ་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་138པའི་ཐོག་གངས་ཤུད་རི་འཛེག་ལུས་རྩལ་དེ་2026ལོའི་སྨི་ལན་-ཁོར་ཏི་ན་ཏན་ཕེ་ཙོ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དངོས་གཞིའི་འགྲན་བསྡུར་རྣམ་གྲངས་གྲས་སུ་འཇུག་རྒྱུའི་གྲོས་འཆམ་བྱུང་ཡོད། བསོད་ནམས་ཆོས་སྒྲོན་གྱིས་གནས་ཚུལ་དེ་ཤེས་རྗེས་དགའ་སྤྲོ་དཔག་མེད་ངང“དངོས་གནས་བསམ་ཡུལ་ལས་འདས་སོང་། ངས་རེ་བ་ཆེན་པོ་བྱེད་པའི་ཕུགས་འདུན་འདི་གཞི་ནས་མངོན་འགྱུར་བྱུང་སོང་། ངས་དཀའ་སྤྱད་འབད་བརྩོན་བྱས་ནས་རྒྱལ་ཁབ་ཀྱི་ཆེད་དུ་གཟི་བརྗིད་བརྩོན་ལེན་བྱེད་པའི་ཉིན་དེ་གཞི་ནས་ཤར་སོང”ཞེས་བཤད། ཕྱི་རྒྱལ་དུ་འགྲོ་དུས་རྡོག་ཁྲེས་སྒམ་ནང་ཁ་བཏགས་དང་འུར་རྡོ་བླུགས་རྒྱུར་དགའ་བའི་བུ་མོ་དེས་རང་ཉིད་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་ལམ་བུར་སེམས་ཤུགས་ཀྱིས་ཁེངས།
     བསྡོམས་རྩིས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་ལུས་རྩལ་པར་རྒྱལ་སྤྱི་དང་རྒྱལ་ནང་གི་འགྲན་བསྡུར་ཁག་གི་ཁྲོད་བྱ་དགའི་རྟགས་མ་231ཐོབ་པའི་ནང་རྒྱལ་སྤྱིའི་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་2དང་། དངུལ་གྱི་རྟགས་མ་3 ཟངས་ཀྱི་རྟགས་མ་4བཅས་ཚུད་ཡོད། མིག་སྔར་བོད་དུ་གཞོན་ནུ་ལོ་ཆུང་ལུས་རྩལ་པ་336གིས་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སུ་སྦྱོང་བརྡར་བྱེད་བཞིན་ཡོད་པ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་བོད་དུ་མ་དངུལ་སྒོར་དུང་ཕྱུར་2.6སྤྲད་ཡོད།