འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་1ཉིན།

༄༅།།ལི་ཆན་ལ་དུས་བཙོན་ལོ་13ཁྲིམས་ཆད་བཅད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་01ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལི་ཆན་ལ་དུས་བཙོན་ལོ་13ཁྲིམས་ཆད་བཅད།
    མི་དམངས་དྲ་བའི་འཕྲིན། 2021ལོའི་ཟླ་8ཚེས་31ཉིན། པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་ཧོ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་དེ་སྔའི་ཞིང་ཆེན་གྱི་འགོ་འཛིན་གཞོན་པ་ལི་ཆན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞིའི་ཁྲིམས་ཆད་ཡོངས་བསྒྲགས་སུ་ཁྱབ་བསྒྲགས་བྱས་ཤིང་། ཞུ་སྦྱོར་ཕྱི་མ་བ་ལི་ཆན་གྱིས་ལྐོག་རྔན་བླངས་པའི་བྱས་ཉེས་བསགས་པར་དུས་བཙོན་ལོ་13གྱི་ཁྲིམས་ཆད་བཅད་པ་མ་ཟད། དངུལ་ཆད་མི་དམངས་ཤོག་སྒོར་ས་ཡ་གསུམ་བཅད་པ་དང་། དེས་ལྐོག་རྔན་བླངས་པའི་རྒྱུ་དངོས་དང་སྐྱེད་འཕེལ་བྱུང་རིགས་སྙེག་བསྡུ་བྱས་ནས་རྒྱལ་མཛོད་ལ་གོང་འབུལ་ཞུ་རྒྱུ། ལི་ཆན་གྱིས་ཁྲིམས་སར་ཁྲིམས་ཆད་དང་ལེན་ཞུས་ནས་ གོང་ལ་ཞུ་གཏུག་མི་བྱེད་རྒྱུ་བཤད།
   ཞིབ་གཅོད་བྱས་ནས་རྩད་ཆོད་མཐའ་གསལ་བྱུང་དོན། 2006ལོ་ནས་2013ལོའི་བར། ཞུ་སྦྱོར་ཕྱི་མ་ལི་ཆན་གྱིས་ཀྲུང་གུང་པའོ་ཏིང་གྲོང་ཁྱེར་གྱི་རྒྱུན་ལས་ཨུ་ཡོན་དང་། ཧྲུའུ་ཅི་གཞོན་པ། པའོ་ཏིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ། གྲོང་ཁྱེར་གྱི་འགོ་འཛིན་ལས་ཚབ། གྲོང་ཁྱེར་གྱི་འགོ་འཛིན། ཀྲུང་གུང་ཧེང་ཧྲུའེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་སོགས་ཀྱི་ལས་གནས་ཐོག་གི་སྟབས་བདེར་བརྟེན་ནས། གཙོ་གནད་འཛུགས་སྐྲུན་རྣམ་གྲངས་རེ་ཞུ་དང་། ས་ཁང་བདག་ཁོངས་གསར་སྤེལ་འཛུགས་སྐྲུན། ལས་གྲྭའི་རྣམ་གྲངས་སྒྲུབ་འགན་གཙང་ལེན། གཉེན་ཉེའི་ལས་དོན་སྐོང་འཐེན་སོགས་ཀྱི་ཐད་འབྲེལ་ཡོད་སྡེ་ཚན་དང་མི་སྒེར་ལ་ཁེ་ཕན་དོན་གཉེར་བྱས་ནས་ཐད་ཀར་རམ་ཡང་ན་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་མི་བརྒྱུད་དེ་མི་གཞན་གྱིས་སྤྲད་པའི་རྒྱུ་ནོར་བླངས་ཡོད། དེ་དག་མི་དམངས་ཤོག་སྒོར་ལ་ཕབ་ན་ཁྱོན་སྒོར་ཁྲི་5048ལྷག་ཙམ་ཟིན་ཡོད་པ་རེད།
   པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་ཞུ་སྦྱོར་ཕྱི་མ་བ་ལི་ཆན་གྱི་བྱ་སྤྱོད་དེས་ལྐོག་རྔན་ལེན་པའི་བྱས་ཉེས་བསགས་ཤིང་། གྲངས་འབོར་ཧ་ཅང་མང་བས། ཁྲིམས་ལྟར་ཉེས་ཆད་གཅོད་དགོས་པ་འདོད། ལི་ཆན་གྱི་གྱོད་དོན་ཐོན་རྗེས་རང་གི་བྱས་ཉེས་ཇི་མ་ཇི་བཞིན་དུ་ངོས་ལེན་བྱས་པ་དང་། གྱོད་གཞི་ཐག་གཅོད་བྱེད་མཁན་ལས་ཁུངས་ཀྱིས་ལག་ཏུ་མ་འབྱོར་བའི་རྒྱུ་རྔན་ལྐོག་ཟའི་ཉེས་གསོག་དོན་དངོས་མང་ཆེ་བ་རང་འགུལ་ངང་ངོས་ལེན་རྩིས་སྤྲོད་ཞུས་པ་དང་། གྱོད་གཞི་ཚབས་ཆེན་གཞན་གྱི་ཁུངས་སྣེ་མཁོ་འདོན་བྱས་པ་དེ་དག་ཞིབ་བཤེར་བྱས་པར་བརྒྱུད་ར་སྤྲོད་ཐུབ་པ་ཡིན་པས་དེར་འགྱོད་བཤགས་ལེགས་སྒྱུར་གྱི་མངོན་ཚུལ་ཡོད་པ་སྟེ། ནག་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་པ་དང་། ལྐོག་རྔན་བླངས་པའི་རྒྱུ་ནོར་ཕྱིར་སློག་ཧུར་ཐག་བྱས་པ། ལྐོག་རྔན་དུ་བླངས་པའི་དངུལ་དང་དངོས་རིགས་ཚང་མ་སྙེག་བསྡུ་བྱས་པ་བཅས་ཀྱིས་ཁྲིམས་བཀོད་དང་བབ་བལྟས་ཉེས་ཆད་ཡང་མོ་གཅོད་ཆོག་པའི་གནས་ཚུལ་ཡོད་པས། ཁྲིམས་ལྟར་ཉེས་ཆད་ཡང་མོ་བཅད་ཆོག་ཀྱི་ཡོད། དེར་བརྟེན་ཁྲིམས་སས་གོང་གསལ་དཔྱད་མཚམས་བཏང་བ་རེད།