འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་24ཉིན།

༄༅།།མཚོ་སྔོན་གྱིས“དྲོ་སྐྱིད་བྱེད་སྒོ”སྤེལ་ནས་མྱུར་སྐྱེལ་བར་སེམས་ཁུར་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་24ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་སྦྲག་སྲིད་དོ་དམ་ཅུས་དང་མཉམ་དུ་ཞིང་ཆེན་ཡོངས་ཀྱིས་མྱུར་སྐྱེལ་བར་སེམས་ཁུར་བྱེད་པའི“དྲོ་སྐྱིད་བྱེད་སྒོ”སྤེལ་ནས་རྒྱ་ཆེའི་མྱུར་སྐྱེལ་བས་ཏང་དང་བཟོ་ཚོགས་རྩ་འཛུགས་ཀྱི་དྲོ་སྐྱིད་གང་ལེགས་ཚོར་ཐུབ་པར་བྱས་ཡོད།
    “དྲོ་སྐྱིད་བྱེད་སྒོ”སྤེལ་རིང་། མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་འཚམས་འདྲི་དང་། ལུས་གསོ། ཕུལ་བྱུང་དཔྱད་འདེམས་བཅས་ཀྱི་ཁྱབ་ཁོངས་སུ་མྱུར་སྐྱེལ་བ་བཅུག་སྟེ། “མྱུར་སྐྱེལ་ལས་རིགས་ཀྱི་ན་གཞོན་ཞབས་ཞུའི་ཟླ་བའི”བྱེད་སྒོ་དང་ལས་རིགས་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣར་འཚམས་འདྲི་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་ཏན་ཏིག་ངང་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་མྱུར་སྐྱེལ་ལས་རིགས་ཀྱི་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔ་རྗེས་སུ་མྱུར་སྐྱེལ་བར་འཚམས་འདྲི་ཐེངས་23བྱས་པ་དང་། སྒོར་ཁྲི་11རི་བའི་འཚམས་འདྲིའི་དངོས་པོ་སྤྲད་པ། མྱུར་སྐྱེལ་བའི་བཞུགས་མོལ་ཚོགས་འདུ་ཐེངས་12འཚོགས་པ། མྱུར་སྐྱེལ་བའི་ཁྱིམ་ཆུང་སོགས་ཞབས་ཞུའི་ས་ཚིགས་213བསྐྲུན་པ། མྱུར་སྐྱེལ་བར་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་ཚད་མགྱོགས་སུ་བཏང་བ་དང་མིག་སྔར་སྨན་ཁབ་རྒྱག་ཚད་72%ཟིན་པ་དང་འབྲེལ། མི་ཐེངས་790ལྷག་ཙམ་ལ་སྨན་རིན་མི་དགོས་པར་གཟུགས་པོར་བརྟག་དཔྱད་དང་འོས་འགན་སྨན་བཅོས་བྱས་པ་རེད།
    གཞན་ཡང་མཚོ་སྔོན་གྱིས་ད་དུང་མྱུར་སྐྱེལ་བའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་གི་ལས་དོན་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་ཏེ། མྱུར་སྐྱེལ་ཁེ་ལས་ཀྱི་ངལ་རྩོལ་ལས་མི་སྤྱོད་པའི་བཅའ་ཁྲིམས་ཉམས་ལེན་གྱི་བྱེད་སྒོ་སྤེལ་ཏེ། ཐོལ་བྱུང་རྨས་སྐྱོན་འགན་བཅོལ་སོགས་མྱུར་སྐྱེལ་ལས་རིགས་དང་འཚམ་པའི་འགན་བཅོལ་རིགས་ཁྱབ་གདལ་ཧུར་ཐག་གཏོང་བ་དང་། སྲིད་འཛིན་ལ་གཞོགས་འདེགས་ཀྱིས་ཁེ་ལས་ནང་ཁུལ་གྱི“རིམ་པ་སྟར་ཆགས་སུ་ཉེས་ཆད་གཏོང་བ”དང“ཉེས་ཆད་ལ་བརྟེན་ནས་དོ་དམ་བྱེད་པའི”གནད་དོན་ཐག་གཅོད་བྱེད་པ། ཆབས་ཅིག་ལས་རིགས་བཟོ་ཚོགས་ཀྱི་ལས་སྒོའི་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་མྱུར་སྐྱེལ་ལས་རིགས་ཀྱི་བཟོ་ཚོགས་འཛུགས་ཤུགས་ཆེ་རུ་བཏང་བ་རེད།