འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་24ཉིན།

༄༅།།ཡུན་ནན་གྱིས་ཞིབ་སྤེལ་སྒྲིག་གཞི་གསར་པ་ཁག་གཅིག་སྐྱེད་སྲིང་བྱེད་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་24ཉིན། 09:05】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་8ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཡུན་ནན་ཞིང་ཆེན་ཚན་རྩལ་ཐིང་དང་། ཞིང་ཆེན་དམངས་སྲིད་ཐིང་། ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས། ཞིང་ཆེན་མི་སྤྱི་ཐིང་བཅས་ཀྱིས་མཉམ་འབྲེལ་ཐོག་བཀྲམ་པའི《ཡུན་ནན་ཞིང་ཆེན་གྱིས་ཞིབ་སྤེལ་སྒྲིག་གཞི་གསར་པ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ལག་བསྟར་ཇུས་གཞིའི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)ནང་2025ལོར་སླེབས་སྐབས་འཛམ་གླིང་གི“བྱང་བུ་གསུམ”རྩེ་གྲ་གཏོད་རྒྱུར་དམིགས་པ་དང་། སྒོར་དུང་ཕྱུར་ཁྲི་དང་སྟོང་རིམ་པའི་ཀ་རྟེན་ཐོན་ལས་གཅིག་སྡུད་བྱས་ནས་སྐྱེ་དངོས་སྨན་རྫས་དང་རྩེར་སོན་སྒྲིག་ཆས་སོགས་གཙོ་གནད་ཐོན་ལས་ཁྱབ་ཁོངས་སུ་རྒྱལ་ནང་གི་སྔོན་ཐོན་དང་ཁྱད་ཆོས་མངོན་གསལ་དོད་པའི་ཞིབ་སྤེལ་སྒྲིག་གཞི་གསར་པ་50ཙམ་སྐྱེད་སྲིང་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འཚམ་པའི་ཞིབ་སྤེལ་སྒྲིག་གཞི་གསར་པའི་མ་ལག་ཅིག་ཆགས་པར་བྱེད་དགོས་པ་བཏོན་ཡོད།
     《ཇུས་གཞིའི》ནང་། ཚན་རིག་ཞིབ་འཇུག་དང་། ལག་རྩལ་གསར་གཏོད། ཞིབ་སྤེལ་ཞབས་ཞུ་བཅས་གཙོ་བོར་བྱེད་པ་དང་། ཡུན་ནན་ཞིང་ཆེན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པ་དང་དཔལ་འབྱོར་ཐོན་ལས་གསར་པ་དང་ལས་རྣམ་གསར་པའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ། ཞིབ་འཇུག་གསར་སྤེལ་དང་། ཚོད་ལྟ། ཞབས་ཞུ་སོགས་སྤེལ་བར་མཁོ་བའི་དགོས་ངེས་ཀྱི་ཆ་རྐྱེན་དང་སྒྲིག་བཀོད་ལྡན་པ། གྲུབ་ཆ་བལྟོས་བཅས་ལུགས་མཐུན་བརྟན་པོ་དང་ཞིབ་སྤེལ་གྱི་ནུས་པ་ཅུང་ཆེ་བའི་ཤེས་ལྡན་མི་སྣ་ཚོགས་པའི་ཚན་རྩལ་རིགས་ཀྱི་དམངས་གཉེར་གྱི་ཁེ་ལས་མིན་པའི་ཚན་པ་དང་། བྱ་གཞག་ཚན་པ། ཁེ་ལས་སོགས་ཞིབ་སྤེལ་སྒྲིག་གཞི་ཞིང་ཆེན་རིམ་པའི་སྐྱེད་སྲིང་བྱ་ཡུལ་ནང་འཇུག་རྒྱུའི་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད། ཡུན་ནན་ཞིང་ཆེན་གྱིས་ཆ་རྐྱེན་དང་མཐུན་པའི་ཞིབ་སྤེལ་སྒྲིག་གཞི་གསར་པ་འདེམས་སྒྲུག་བྱས་ནས་སྐྱེད་སྲིང་མཛོད་དུ་བཅུག་སྟེ་དུས་ཡུན་ལོ་3གྱི་གཅིག་སྡུད་ཞབས་ཞུ་དང་གཙོ་གནད་རོགས་སྐྱོར་བྱ་རྒྱུ་ཡིན་པ་ཁ་གསལ་འཁོད་ཡོད།
     སྐྱེད་སྲིང་བྱེད་རིང་། མཛོད་བཅུག་སྒྲིག་གཞིའི་ཞིབ་སྤེལ་རྨང་གཞི་དང་། ཞིབ་འཇུག་ཁ་ཕྱོགས། འཕེལ་རྒྱས་དམིགས་ཚད་སོགས་ཕྱོགས་བསྡུས་ཚོད་སྐོར་བྱས་ཚུལ་ལ་གཞིགས་ནས་དེ་སྔ་འཛུགས་སྐྲུན་ཐད་བཏང་བའི་གྲོན་དངུལ(ཚན་ཞིབ་བྱ་ཡུལ་དང་། ཤེས་ལྡན་མི་སྣ་ནང་འདྲེན། འཁོར་སྐྱོད་སྲུང་སྐྱོང་སོགས་ཀྱི་གྲོན་དངུལ)གྱི་10%ལྟར་མ་དངུལ་སྒོར་ཁྲི་300ལས་མི་བརྒལ་བའི་རྒྱབ་སྐྱོར་བྱ་རྒྱུ་རེད། དེ་དང་ཆབས་ཅིག ཆེད་ལས་སྒྲིག་གཞིར་བརྟེན་ནས་རྒྱལ་སྤྱི་རྒྱལ་ནང་གི་ཚན་རྩལ་གསར་གཏོད་ཐོན་ཁུངས་གཅིག་སྡུད་བྱས་ཏེ་ཞིབ་སྤེལ་སྒྲིག་གཞི་གསར་པ་སྐྱེད་སྲིང་བྱེད་ས་བསྐྲུན་ནས་སྐྱེད་སྲིང་བྱ་ཡུལ་ལ་ལས་གཏོད་ཟུར་ཁྲིད་དང་། ཐོན་ཁུངས་མཐུན་སྦྱོར། མཁོ་སྤྲོད་འབྲེལ་མཐུད། ཞིབ་སྤེལ་ཞབས་ཞུ། ལས་སྟེགས་འཛུགས་སྐྲུན། གསར་གཏོད་མཐུན་སྦྱོར་དང་དེ་བཞིན་ཆེད་ལས་གསོ་སྦྱོང་སོགས་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
     《ཇུས་གཞིའི》ནང་། ཞིབ་སྤེལ་སྒྲིག་གཞི་གསར་པའི་སྐྱེད་སྲིང་དང་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཡུན་ནན་ཞིང་ཆེན་གྱིས“ཐོགས་མེད་བགྲོད་ལམ”གཏོད་དེ་རྩེར་སོན་གྱི་ཚན་རྩལ་ཐོན་ཁུངས་ནང་འདྲེན་དང་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་དང་ཐོན་ལས་སྒྱུར་བཅོས་ལ་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས་འཐབ་ཇུས་རང་བཞིན་དང་། སྔ་བལྟས་ཕྱི་བསམ་རང་བཞིན། རྩ་སློག་རང་བཞིན། སྤེལ་མའི་རང་བཞིན་བཅས་ཁྱབ་ཁོངས་ཀྱི་ཞིབ་འཇུག་ནུས་པ་ལྡན་པའི་ཆུ་ཚད་མཐོ་བའི་ཞིབ་སྤེལ་སྒྲིག་གཞི་གསར་པར“སློབ་གླིང(ཁང)རེ་ལ་སྲིད་ཇུས་རེ་དང་གནད་དོན་རེ་ལ་གྲོས་བསྡུར་རེའི”བྱ་ཐབས་ཐོག་ནས་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།