འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་23ཉིན།

༄༅།།གངས་ལྗོངས་ས་མཐོ་སྔར་བས་མཛེས་སྡུག་ལྡན་པར་བྱས།

—— བོད་ཀྱི་དམག་དམངས་ཀྱིས་ནུས་སེམས་གཅིག་སྒྲིལ་གྱིས་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བྱས་པའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་23ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   “འཛམ་གླིང་ཡང་རྩེ”དང་། “སའི་གོ་ལའི་སྣེ་གསུམ་པ” “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”བཅས་སུ་གྲགས་པའི་མཚོ་བོད་ས་མཐོ་ནི་རང་རྒྱལ་དང་ཐ་ན་ཨེ་ཤེ་ཡའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། བོད་ལྗོངས་ནི་མཚོ་བོད་མཐོ་སྒང་གི་གྲུབ་ཆ་གཙོ་བོ་ཡིན་པས། བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ཚེ་ཕན་འབྲས་སྐལ་བརྒྱར་ཐོན་ལ་ཕན་པ་ཀུན་ལ་འདོགས་ཐུབ།
    ཉེ་བའི་ལོ་ཤས་རིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། བོད་ཀྱི་དམག་དམངས་ཀྱིས་ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་གངས་ལྗོངས་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལ་ཐུན་མོང་ཐོག་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྐྱེ་ཁམས་སྲུང་ཡོལ་བརྟན་དུ་བཏང་སྟེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་བཏོད་ཡོད།
    སླར་ཡང་དྲན་ཤེས་ནང་གི་དུས་བྱ་མཐོང་བ།
     ཟླ་8པའི་ཟླ་དཀྱིལ་དུ། ན་ཁ་དང་གྲམ་ཐང་གིས་སྟག་མགོ་ལའི་ཆུ་མཛོད་ཀྱི་ས་ཁོངས་མང་ཆེ་བ་ཁེབས། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མི་དམངས་དྲག་ཆས་པུའི་པུའུ་ཀྲང་གཞོན་པ་ཀུའོ་ཧའེ་ཤུས་ཀྱིས་ངོ་སྤྲོད་བྱས་དོན། འདི་ནི་ཁྲུང་ཁྲུང་སྐེ་ནག་དགུན་སྒྲོལ་བྱེད་ས་རེད། 2019ལོའི་ལོ་མཇུག་ཏུ། ཁྲུང་ཁྲུང་སྐེ་ནག་གི་ཡུལ་དམག་སྐོར་སྲུང་ཡན་ལག་རུ་ཁག་གཉིས་བཙུགས་ཚུན། ལོ་ལྟར་གྱི་ཟླ་10པའི་ཟླ་མཇུག་ཏུ་དེ་གར་དགུན་སྒྲོལ་བྱེད་པར་ཡོང་མཁན་དུས་བྱ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད།
    “ན་ནིང་དམག་ཞབས་ཐིམ་ནས་ཕྱིར་ལོག་རྗེས་ངས་དྲན་ཤེས་ནང་གི་དུས་བྱ་མཐོང་བྱུང་། མིག་མདུན་གྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ལ་ང་རང་ཧང་སངས་བྱུང” “གང་སར་དུས་བྱས་ཁེངས་འདུག ཁྲུང་ཁྲུང་སྐེ་ནག་ཕུད་ད་དུང་ཁྲུང་ཁྲུང་མགོ་ཁྲ་དང་ངང་སེར་སོགས་ཀྱང་འདུག”ཅེས་དམག་ཞབས་ཐིམ་པའི་དམག་མི་ཚེ་རིང་མཚམས་གཅོད་ཀྱིས་བརྗོད།
    ད་ཆ་གངས་ལྗོངས་ས་མཐོ་ནས་རྩ་ཆེའི་སྲོག་ཆགས་དེ་བས་མང་བ་མི་རྣམས་ཀྱི་མིག་ལམ་དུ་མངོན་པ་དང་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་མགྱོགས་མྱུར་སླར་གསོ་ཐུབ་བཞིན་ཡོད་པ་དང་། རི་སྐྱེས་རྩི་ཤིང་ཐོན་ཁུངས་བརྟག་དཔྱད་བྱས་འབྲས་ཐེངས་གཉིས་པ་ལས་མངོན་པར་གཞིགས་ན། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་བྱ་ཡུལ་རི་སྐྱེས་རྩི་ཤིང་ཤུག་པ་ཆེན་པོ་བརྟན་པོའི་ངང་མང་དུ་ཕྱིན་པ་མ་ཟད་སྲུང་སྐྱོབ་ནུས་ལྡན་ཡང་ཐུབ་ཡོད།
    དམག་མིས་སྐོར་གཡེང་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་གཙིགས་ཆེར་འཛིན་པ།
     ལྷུན་གྲུབ་རྫོང་ནས་ལྷོ་ཕྱོགས་སུ་རླངས་འཁོར་ལ་བསྡད་དེ་སྤྱི་ལེ་200ལྷག་ཙམ་བསྐྱོད་ཚེ་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རི་གྲོང་ཚོར་སླེབས་པ་དང་། དེ་གའི་གྲོང་མི་ནི་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ནས་ཡུལ་གཞན་དུ་གནས་སྤོས་བྱས་པའི་འབྲོག་པ་རེད།
    མཚོ་གཉིས་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པ་དང་གསོ་རླུང་འདུས་ཚད་ཐང་གཤོངས་ཁུལ་གྱི་40%ཡང་ཟིན་གྱི་མེད་པས་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་རྫོང་ཞིག་རེད། རྫོང་དེའི་གྲོང་མིས་མི་རབས་ནས་མི་རབས་བར་འབྲོག་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད་པས། འབྲོག་རའི་རྒྱ་ཁྱོན་ཕྱེད་ཀ་ཡན་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གནས་པ་དང་དེ་གོང་རྩྭ་ར་ལོ་ལྟར་3%ནས་5%བར་གྱི་མྱུར་ཚད་ཐོག་ནས་ཇེ་ཞན་དུ་འགྲོ་གི་ཡོད།
   2018ལོར་བོད་ཀྱི་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོའི་འཆར་འགོད་ལག་བསྟར་བྱས་ཤིང་། 2019ལོའི་ལོ་མཇུག་ཏུ། གྲོང་ཚོ་གསར་པ་བསྐྲུན་ཟིན་ནས་མཚོ་གཉིས་རྫོང་གི་འབྲོག་པ་ཁག་དང་པོ་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རི་གྲོང་ཚོར་སྤོས་པ་རེད།
    སྲིན་བུ་རི་གྲོང་ཚོར་ལོ་17ལ་སླེབས་པའི་ཉི་མ་ཚེ་རིང་དང་ཁོ་པའི་རོགས་པ་ཚོས་གསར་དུ་བཏིངས་པའི་སྣུམ་ནག་ལམ་ཐོག་སྤོ་ལོ་རྒྱག་བཞིན་འདུག ཁོང་གིས“འདི་གར་ས་བབ་དམའ་བ་དང་གནམ་གཤིས་དྲོ་པོ་ཡོད་པས་རྒྱུག་ཤར་གློད་སྐབས་མཚོ་གཉིས་རྫོང་ལྟར་དཀའ་ལས་ཁག་པོ་དེ་འདྲ་མི་འདུག་ཅེས་བཤད། རྐང་རྩེད་སྤོ་ལོ་རྒྱག་མཁན་ན་གཞོན་ཚོ་གསོ་རླུང་མི་འདང་བའི་རྐྱེན་གྱིས་ངལ་དུབ་ཀྱིས་མནར་བ་དང་བྱང་རྩྭ་ཐང་དུ་ཕྱུགས་འཚོས་དྲགས་པའི་རྐྱེན་གྱིས་ཉམས་ཞན་དུ་འགྲོ་བའི་ལོ་རྒྱུས་མཇུག་འགྲིལ་བ་རེད། ད་ཆ་རྩྭ་ཐང་ཐོག་གཙོད་དང་། འབྲོང་། རྐྱང་སོགས་ཕུད་ད་དུང་གསའ་དང་། ཁྲུང་ཁྲུང་སྐེ་ནག སྤྱང་ཀི བྱ་རྒོད། དྲེད་མོང་སོགས་རི་སྐྱེས་སྲོག་ཆགས་འཚོ་སྡོད་བྱེད་ཀྱི་ཡོད་པ་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིགས་10དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིགས་21ཡོད་པ་རེད།
   གྲུབ་འབྲས་དེ་དག་ཐོབ་པ་ནི་གཅེས་པར་འོས་པའི་དམག་མིས་སྐོར་གཡེང་བྱ་རྒྱུར་གཙིགས་ཆེན་བྱས་པ་དང་ཁ་འབྲལ་ཐབས་མེད།
    ཉིང་ཁྲི་ཡན་ལག་དམག་ཁུལ་ཁང་གིས་དཔུང་སྡེས་སྐོར་གཡེང་ལས་འགན་བསྒྲུབས་པ་དང་ཟུང་འབྲེལ་བྱས་ནས་རུ་ཤོག་དང་ལེན་ཤོག་གི་རྐང་འཛིན་པ་སྒྲིག་ཁོངས་ཕྱིའི་ནགས་སྲུང་བའི་འགན་འཁུར་དུ་བཅུག་པ་དང་། ཟླ་རེར་ད་དུང་བཅའ་སྡོད་བྱ་ཡུལ་གྲོང་ཚོ་དང་མཉམ་དུ“མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན”གྱི་བྱེད་སྒོ་སྤེལ་ནས་གྲོང་མི་དང་མཉམ་དུ་ཁོར་ཡུག་སྲུང་སྐྱོང་དང་ཤིང་འཛུགས་ནགས་བཟོ་བྱས་ཡོད། འཕྲིན་གཏོང་ས་ཚིགས་ཀྱི་སློབ་སྟོན་པ་ཧའོ་ཧྲུའུ་ཁང་ནི་ཉིང་ཁྲི་ཡན་ལག་དམག་ཁུལ་ཁང་གི་སྒྲིག་ཁོངས་ཕྱིའི་ནགས་སྲུང་བ་56གི་གྲས་ཤིག་ཡིན་ཞིང་། འདི་ལོ་ཁོང་གིས་ནགས་སྲུང་བའི་འགན་འཁུར་བའི་ལོ་གསུམ་པ་ཡིན་པ་དང་ཁོང་གིས་ནགས་སྲུང་བྱེད་སྒོ་ཐེངས་50ལྷག་ཙམ་ལ་ཞུགས་ཡོད།
    སྐྱེ་ཁམས་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་པ།
    “བབས་ཚུགས་རྗེས་མ་ནི་ཉིང་ཁྲི་རེད”ཅེས་བསྐྱར་དར་རྟགས་ཅན་མེ་འཁོར་གྱི་རྒྱང་བསྒྲགས་ཉན་གྱིན། མིག་མདུན་གྱི་རི་ཀླུང་ལ་ལྟ་བཞིན་ཆུ་ཚོད་3ལྷག་ཙམ་སོང་རྗེས་གསར་འགོད་པ་ལྷ་ས་ནས་ཉིང་ཁྲིར་འབྱོར། ལྷ་ཉིང་ལྕགས་ལམ་ནི་བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་དེ་ཡིན་པས་བོད་ཤར་ལྷོའི་ས་ཁུལ་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།
    འདི་ནི་ཕྱུག་འགྱུར་གྱི་ལམ་བུ་ཞིག་ཡིན་པ་མ་ཟད་ཁོར་ཡུག་སྲུང་སྐྱོང་གི་ལམ་བུ་ཞིག་ཀྱང་རེད། ཀྲུང་གོ་ལྕགས་ལམ་ཅུས་བཅུ་དགུ་པའི་ལྷ་ཉིང་ལྕགས་ལམ་རྣམ་གྲངས་ཀྱི་སྤྱི་ཁྱབ་བཟོ་བཀོད་ཆེ་མོ་བ་ལུའོ་ཀྲེན་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ཉིང་ལྕགས་ལམ་སྐྲུན་སྐབས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་དང་། སྙིགས་རོ་ཚན་རིག་དང་མཐུན་པའི་ངང་ཐག་གཅོད། སྐྱེ་ཁམས་ཕྱོགས་བསྡུས་སླར་གསོ་སོགས་ཀྱི་ལག་རྩལ་སྤྱད་དེ་ཨར་ལས་ལས་ལམ་རྒྱུད་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་བཏང་ཡོད། མཐོ་གྲང་འདེབས་འཛུགས་དང་ཐིགས་ཆུ་གཏོང་བའི་ལག་རྩལ་ལ་བརྟེན་ནས་ལེ་དབར་བརྒྱ་ཕྲག་གི་ལྗང་མདོག་བར་ཁྱམས་བཏོད་ཡོད།
    ལྗང་མདོག་ནི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རང་མདངས་ཡག་ཤོས་རེད། “ཁྱིམ་ཚང་ཚང་མས་ལྕི་བ་འབུད་པ”ནས་“ནུས་རྒྱུ་གཙང་མའི་གློག་ས་མཐོ་ནས་ས་ཆ་གཞན་ལ་གཏོང་བའི”བར་2015ལོ་ནས་2020ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན་བོད་ཀྱིས་ནུས་རྒྱུ་གཙང་མའི་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་65ཕྱིར་གཏོང་བྱས་ཡོད།
   བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ཟམ་གདོང་གྲོང་ཚོ་ནས་ཡར་ཀླུང་གཙང་པོའི་བར་སྤྱི་ལེ་5ཡང་མེད། 2019ལོར་བོད་དམག་ཁུལ་ཁང་དང་ལྷོ་ཁ་ཡན་ལག་དམག་ཁུལ་ཁང་གི་དབུལ་སྐྱོར་ལས་དོན་ཚོགས་ཆུང་གྲོང་ཚོར་བསྐྱོད་དེ་རྟོག་ཞིབ་བྱེད་སྐབས་གྲོང་མི་མི་ཉུང་བ་ཞིག་གིས་ཉེ་འགྲམ་གྲོང་ཚོའི་རླངས་འཁོར་ཉམས་བཟོ་ཁང་བཙུགས་པ་དང་བོགས་གཏོང་ཁང་པ་བརྒྱབ་པ་སོགས་ཀྱི་ཉམས་མྱོང་སློབ་སྦྱོང་བྱ་རྒྱུའི་གྲོས་འགོ་བཏོན་མོད། འོན་ཀྱང་དབུལ་སྐྱོར་ལས་དོན་ཚོགས་ཆུང་དང་གྲོང་མིའི་འཐུས་མིས་ངོ་འཕྲད་གྲོས་མོལ་བྱས་རྗེས་བོད་དམག་ཁུལ་ཁང་གིས་མ་དངུལ་བཏང་སྟེ“ཟམ་གདོང་གྲོང་ཚོའི་ཞིང་ཁྱིམ་སྤྲོ་སྐྱིད་ཁང”དེ“ཟམ་གདོང་གྲོང་ཚོའི་སྐྱེ་ཁམས་ཡུལ་སྐོར་ཞབས་ཞུའི་ལྟེ་གནས”སུ་བསྒྱུར་རྒྱུའི་རེ་བ་བཏོན་པ་རེད། སྐྱེ་ཁམས་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་2020ལོའི་ཟླ་8པར་ལས་མཇུག་འགྲིལ་བ་དང་ད་ཆ་གཉེར་སྐྱོང་བྱས་ནས་ལོ་གཅིག་འགྲོ་གི་ཡོད། “སྐྱེ་ཁམས་ཡུལ་སྐོར་ལས་གྲོང་ཚོའི་མཉམ་སྡེབ་ཀྱི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། ཡུལ་དེ་གའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡང་ཐུབ་ཡོད”ཅེས་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བ་གྲོང་ཚོའི་ཀྲུའུ་རེན་ནོར་བུས་གསར་འགོད་པར་བརྗོད།