འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་8ཉིན།

༄༅།།ཡུལ་གཞན་དུ་གནས་སྤོས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་སྐོར་ལ་ཡུན་ནན་གྱིས་ཞིབ་ཕྲའི་ལས་འགན་ཁག་32བཏོན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་08ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
  མི་དམངས་དྲ་བའི་འཕྲིན། འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་8ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབས་ཏེ་ཡུལ་གཞན་དུ་གནས་སྤོས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། ཉེ་ཆར་ཡུན་ནན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་ཡུན་ནན་ཞིང་ཆེན་གྲོང་གསེབ་དར་རྒྱས་ཅུས་ཀྱིས་མཉམ་འབྲེལ་ཐོག《2021ལོའི་ལོ་འཁོར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་ལས་དོན་གྱི་གཙོ་གནད》(གཤམ་དུ《གཙོ་གནད》ཅེས་བསྡུ་རྒྱུ)བཀྲམ་ནས། ལོ་འཁོར་གྱི་གཙོ་གནད་ལས་དོན་བཏོན་ཞིང་། གནས་སྤོས་དབུལ་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་ཐབས་བརྒྱ་ཇུས་སྟོང་ངང་གནས་སྤོས་མང་ཚོགས་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་བ་སོགས་ཕྱོགས་6ཐད་ནས་ཞིབ་ཕྲའི་ལས་འགན་ཁག་32ཁ་གསལ་བཟོས་པ་རེད།
     《གཙོ་གནད》ནང་ཁ་གསལ་བཏོན་དོན། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བཀོད་སྒྲིག་ཁུལ་གཙོ་གནད་དུ་བྱས་ཏེ་དབུལ་པོ་བསྐྱར་ལོག་དང་དབུལ་པོར་གྱུར་སླ་བའི་མི་འབོར་མགྱོགས་མྱུར་ཤེས་རྟོགས་དང་ལམ་སྲོལ་གཙོ་གནད་ཐོག་ཡག་པོ་བཟོ་དགོས། ཞིང་དུད་ཀྱིས་རང་འགུལ་ངང་རེ་ཞུ་དང་། སྡེ་ཚན་གྱིས་ཆ་འཕྲིན་ཞིབ་བསྡུར། གཞི་རིམ་ལས་བྱེད་པས་དུས་བཀག་ལྟར་རྗེས་སྙེག་འདྲི་རྩད་བཅས་ཟུང་དུ་སྦྲེལ་བའི་དབུལ་པོ་བསྐྱར་ལོག་དང་དབུལ་པོར་གྱུར་སླ་བའི་མི་འབོར་ཤེས་རྟོགས་དང་ཞིབ་བསྡུར་ལམ་སྲོལ་བཟོས་ནས་རོགས་སྐྱོར་བྱ་ཡུལ་ལ་འགུལ་རྣམ་དོ་དམ་བྱེད་དགོས། སྔོན་འགོག་རང་བཞིན་གྱི་བྱ་ཐབས་དང་གནས་ཚུལ་ཐོན་རྗེས་ཀྱི་རོགས་སྐྱོར་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རོགས་སྐྱོར་བྱ་ཐབས་སྤྱོད་དགོས།
     《གཙོ་གནད》ནང་བཏོན་དོན། “རྩལ་ནུས་རོགས་སྐྱོར་གྱི་ཆེད་དོན་བྱ་སྤྱོད”ལག་བསྟར་བྱས་ཏེ་གནས་སྤོས་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་མཐོར་གཏོང་ལ་སྐུལ་འདེད་གཏོང་དགོས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་ཁུལ་གྱི་དབུལ་སྒྲོལ་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་ཞབས་ཞུར་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་དགོས། ཞིང་ཆེན་ཕྱིའི་ལས་གནས་བརྟན་པོ་དང་ཞིང་ཆེན་ནང་ཁུལ་གྱི་ལས་མི་བེད་སྤྱོད་ཀྱི་སྙོམས་སྒྲིག་ལས་དོན་རྒྱུན་མཐུད་ངང་ཡག་པོ་བསྒྲུབས་ཏེ་ལས་ཞུགས་མི་འབོར་བརྟན་པོའི་ངང་གཞན་སྒྱུར་ཐུབ་པ་བྱེད་དགོས། ཡུལ་བབ་དང་བསྟུན་ནས་མ་འཇོག་གི་གཞི་ཁྱོན་ཆུང་བ་དང་། ལག་རྩལ་གྱི་རེ་བ་དམའ་བ། དུས་འགོའི་ལས་དོན་སྟབས་བདེ་བ། ལས་མིའི་རྩལ་ནུས་རེ་བ་མཐོ་པོ་མེད་པ་བཅས་ཀྱི་གུད་གསབ་ལས་སྤྲོད་ཀྱི་འཛུགས་སྐྲུན་རྣམ་གྲངས་ཁག་གཅིག་ལག་བསྟར་བྱེད་པ་དང་། བཀོད་སྒྲིག་ཁུལ་གྱི་ཐོན་ལས་ཀྱི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ། གནས་སྤོས་མང་ཚོགས་སྔོན་ལ་ལས་ཞུགས་ལ་བསྡུ་བ་བཅས་བྱེད་དགོས།
     《གཙོ་གནད》ནང་ནན་བཤད་བྱས་དོན། ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་སྒྲིག་འཛུགས་ལག་བསྟར་བྱས་པའི་ལེ་ལག་ཚང་བའི་ཐོན་ལས་གླིང་དང་ཞིང་ལས་ཐོན་རྫས་མཛོད་ཁང་དུ་སོས་ཉར་དང་གྲང་ཕྲེང་སྒྲིག་བཀོད་སོགས་ཞིང་ལས་ཐོན་ལས་རྣམ་གྲངས་ཀྱི་ཇུས་འགོད་དང་ལག་བསྟར་ལ་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཆ་རྐྱེན་ལྡན་པའི་བཀོད་སྒྲིག་ཁུལ་ལ་ཁྱབ་ཁྱོན་ཆེ་རུ་གཏོང་དགོས། ད་ཡོད་ཀྱི་ཤར་ནུབ་རྒྱུད་ཀྱི་རོགས་ལས་དང་ཁ་གཏད་རོགས་སྐྱོར་ལས་དོན་གྱི་ལམ་སྲོལ་ལ་བརྟེན་ནས་སྟོབས་ཤུགས་ཅུང་ཆེ་བའི་སྣེ་འདྲེན་ཁེ་ལས་ནང་འདྲེན་བྱེད་པ་དང་། བཀོད་སྒྲིག་ཁུལ་གྱི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་གནས་སྤོས་མང་ཚོགས་ལ་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ཀྱི་ཕན་པ་དེ་བས་མང་བ་མཉམ་སྤྱོད་ཐུབ་པ་བྱེད་དགོས།