འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་6ཉིན།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་དེ་《འཛུགས་སྐྲུན་ལས་གྲྭའི་ཡོམ་འགོག་དོ་དམ་སྲོལ་ཡིག》
ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་06ཉིན། 12:30】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
   མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་4ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་དེ《འཛུགས་སྐྲུན་ལས་གྲྭའི་ཡོམ་འགོག་དོ་དམ་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ཡོངས་བསྒྲགས་བྱས་ཤིང་། 2021ལོའི་ཟླ་9ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
     ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཛུགས་སྐྲུན་ལས་གྲྭའི་ཡོམ་འགོག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་པ་སྟེ། འཛུགས་སྐྲུན་ལས་གྲྭའི་ཡོམ་འགོག་ལས་དོན་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་བཅས་དང་འབྲེལ་བ་ཡོད་པས། འཛུགས་སྐྲུན་ལས་གྲྭའི་ཡོམ་འགོག་གེགས་འགོག་ནུས་པ་ཆེ་རུ་བཏང་ནས། ས་ཡོམ་གནོད་འཚེའི་ཉེན་ཁ་ཆུང་དུ་གཏོང་ཆེད། 《སྲོལ་ཡིག》ནང་གཙོ་བོ་ཕྱོགས་ལྔའི་ཐད་ནས་འཛུགས་སྐྲུན་ལས་གྲྭའི་ཡོམ་འགོག་དང་དེ་བཞིན་ལྟ་སྐུལ་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་གཏན་འབེབས་བཟོས་ཡོད་པ་རེད།
     གཅིག་ནས་གསར་སྐྲུན་རྒྱས་སྐྲུན་བྱེད་པའི་འཛུགས་སྐྲུན་ལས་གྲྭའི་ཡོམ་འགོག་ཚད་ལོན་བླང་བྱ་དང་འབྲེལ་ཡོད་བྱེད་ཐབས་ཁ་གསལ་བཟོས་པ། 《སྲོལ་ཡིག》ནང་དུ། གསར་སྐྲུན་རྒྱས་སྐྲུན་བྱེད་པའི་འཛུགས་སྐྲུན་ལས་གྲྭ་ཡོམ་འགོག་ཐད་ཀྱི་བཙན་འདོམས་རང་བཞིན་གྱི་ཚད་གཞི་ལོན་དགོས་པ་དང་། འཛུགས་སྐྲུན་ལས་གྲྭ་རྩད་ཞིབ་དང་། འཆར་འགོད། ཨར་རྒྱག ལྟ་ཞིབ་དོ་དམ་སོགས་བྱེད་མཁན་འབྲེལ་ཡོད་ཚན་པ་དང་མི་སྣ་དག་གིས་འཛུགས་སྐྲུན་ལས་གྲྭའི་ཡོམ་འགོག་ནུས་པར་ཁྲིམས་ལྟར་འགན་འཁུར་རྒྱུ། ས་གཡོའི་གཏོར་ཚད་ཆེ་ཁུལ་དང་ས་ཡོམ་ལྟ་ཞིབ་འགོག་སྲུང་ཁུལ་གཙོ་བོར་ཡོད་པའི་གཙོ་ཆེའི་འཛུགས་སྐྲུན་ལས་གྲྭ་སོགས་ལ་ཡོམ་འགོག་སྐོར་གྱི་ཆེད་དོན་ལེའུ་བཟོ་རྒྱུ་དང་། ལས་གྲྭ་འཛུགས་སྐྲུན་བྱེད་པར་སོ་སོའི་བེད་སྤྱོད་ཕན་ནུས་སོགས་ཀྱི་རྒྱུ་རྐྱེན་གཞིར་བཟུང་རིགས་དབྱེའི་འགོག་སྲུང་ལམ་ལུགས་ལག་བསྟར་བྱ་རྒྱུ། མཐོ་ཚད་བརྒལ་བའི་རིམ་མཐོའི་བཟོ་སྐྲུན་རིགས་ལ་ཡོམ་འགོག་ཞིབ་མཆན་འགོད་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཡོམ་གཅོད་ཡོམ་འཕྲིའི་སྒྲིག་བཀོད་ཀྱི་འབྲེལ་ཡོད་ལག་རྩལ་ཚད་གཞི་བཟོ་རྒྱུར་སྐུལ་འདེད་བཏང་ནས་ཀུན་གྱིས་སྤྱོད་པའི་ལག་རྩལ་གྱི་བླང་བྱ་ཁ་གསལ་བཟོ་རྒྱུ་བཅས་གཏན་འཁེལ་བྱས་ཡོད་པ་རེད།
     གཉིས་ནས་བསྐྲུན་ཟིན་པའི་འཛུགས་སྐྲུན་ལས་གྲྭའི་ཡོམ་འགོག་དཔྱད་སྡོམ་དང་། བརྟན་གཏོང་། སྲུང་སྐྱོང་བཅས་ཀྱི་ལས་དོན་ཚད་ལྡན་དུ་བཏང་བ། 《སྲོལ་ཡིག》ནང་དུ། རྒྱལ་ཁབ་ཀྱིས་འཛུགས་སྐྲུན་ལས་གྲྭའི་ཡོམ་འགོག་ནུས་པ་དཔྱད་སྡོམ་ལམ་ལུགས་ལག་བསྟར་བྱ་རྒྱུ།
     ཡོམ་འགོག་ནུས་པར་དཔྱད་སྡོམ་བྱས་འབྲས་གཞིར་བཟུང་ཡོམ་འགོག་བརྟན་གཏོང་བྱེད་དགོས་ཤིང་བརྟན་གཏོང་བྱེད་རིན་ཡོད་རིགས་ལ་ཡོམ་འགོག་བརྟན་གཏོང་བྱེད་དགོས་པ་དང་། ཡོམ་འགོག་བརྟན་གཏོང་གི་དུས་ཡུན་དང་རྗེས་མཐུད་བེད་སྤྱོད་ལོ་ཚད་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས་པའི་གཏན་འཁེལ་བྱས་ཡོད་པ་རེད།
     གསུམ་ནས་གྲོང་གསེབ་ཀྱི་འཛུགས་སྐྲུན་ལས་གྲྭའི་ཡོམ་འགོག་ནུས་པ་ཆེ་རུ་གཏོང་རྒྱུ། 《སྲོལ་ཡིག》ནང་དུ། གྲོང་གསེབ་ཀྱི་འཛུགས་སྐྲུན་ལས་གྲྭའི་ཡོམ་འགོག་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཡོམ་འགོག་ནུས་པ་ཆེ་རུ་གཏོང་དགོས་པ་དང་། གྲོང་གསེབ་ཀྱི་གྲོང་མིའི་སྡོད་ཁང་དང་གྲོང་གསེབ་ཀྱི་སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན་ལས་གྲྭའི་ཡོམ་འགོག་བརྟན་གཏོང་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་ནས་གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད་དང་། གནས་སྤོས་མང་ཚོགས་གནས་སྤོ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་སོགས་བྱེད་པར་འཛུགས་སྐྲུན་ལས་གྲྭའི་ཡོམ་འགོག་ཐད་ཀྱི་བཙན་འདོམས་རང་བཞིན་གྱི་ཚད་གཞི་ལོན་པའི་འགན་ལེན་བྱེད་དགོས་པའི་གཏན་འཁེལ་བྱས་ཡོད་པ་རེད།
     བཞི་ནས་འགན་ལེན་བྱེད་ཐབས་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། 《སྲོལ་ཡིག》ནང་དུ། ཡོམ་འགོག་བྱེད་ཐབས་མ་སྤྱད་པའམ་ཡོམ་འགོག་ཐད་ཀྱི་བཙན་འདོམས་རང་བཞིན་གྱི་ཚད་གཞི་མ་ལོན་པའི་སྡོད་ཁང་རྙིང་པའི་ཡོམ་འགོག་བརྟན་གཏོང་ལ་འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་དགོས་ངེས་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་དགོས་པ་དང་། འཛུཌ་སྐྲུན་ལས་གྲྭའི་ཡོམ་འགོག་དང་འབྲེལ་བ་ཡོད་པའི་ཐོན་ལས་འཕེལ་རྒྱས་དང་ལག་རྩལ་གསར་པ་བེད་སྤྱོད་ལ་རྒྱབ་སྐྱོར་བྱེད་པ། འཛུཌ་སྐྲུན་ལས་གྲྭའི་བདེ་འཇགས་འཕྲལ་སྡོམ་དཔྱད་དཔོག་དང་འཛུགས་སྐྲུན་ལས་གྲྭའི་ཡོམ་གནོད་བརྟག་ཞིབ་ལམ་ལུགས་ཁ་གསལ་བཟོ་དགོས་པ་བཅས་གཏན་འཁེལ་བྱས་ཡོད་པ་རེད།