འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་2ཉིན།

༄༅།།“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”རྒྱུན་འཛིན་བྱས་ནས་སྲོག་རྩ་ལྟ་བུའི་མཁའ་ལམ་སྲུང་སྐྱོང་བྱེད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་02ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་གི་གསར་འགོད་པ། ཧོའུ་ལུའུ་ལུའུ་དང་ཀྲང་མིང་སེ། མི་དམངས་དྲ་བའི་གསར་འགོད་པ། ཀན་ཧའེ་ཆུང་།
    གདང་ལའི་ཉག་ཁའི་ས་བབ་མཐོ་ཚད་སྨི་5231ཟིན་པ་དང་། དེ་ནི་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་འགྲིམ་འགྲུལ་ལས་སྒྲུབ་ས་ཚིགས་སུ་གྱུར་ཡོད།
    ལོ་52ལ་སོན་པའི་མཚོ་སྔོན་གྱི་ཁ་ལོ་བ་ཧན་རེན་ཧྲང་རྒྱལ་ལམ་109ཐོག་སྐྱེལ་འདྲེན་གྱི་ལས་ཀ་བྱས་ནས་ལོ་14སོང་ཞིང་། ད་ཆ་ཕྱོགས་ལ་ཐོན་རིམ་བཞིན་སྔོན་ལ“བོད་ལྗོངས་ཨ་མདོའི་ཉེན་རྟོག་བརྙན་ཕབ”ལ་བལྟས་ནས་གནམ་གཤིས་གང་འདྲ་ཡོད་མེད་ལྟ་ཡི་ཡོད་པ་དང་། གལ་སྲིད་གནམ་གཤིས་ཡག་པོ་མེད་ཚེ་ལམ་རྒྱགས་མང་ཙམ་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད།
    བོད་ཀྱི་སྐམ་ལམ་གྱི“འཕར་རྩ་ཆེན་པོ”ཞིག་ཡིན་པའི་ཆ་ནས། བོད་འདྲེན་དངོས་ཟོག་70%དང་བོད་སྐྱོད་མི་སྣ་30%རྒྱལ་ལམ་109(མཚོ་བོད་གཞུང་ལམ)བརྒྱུད་དེ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་དང་། དེ་དག་ལས་ཨ་མདོའི་ལམ་དུམ་དུ་ལོ་རེར་ཆ་སྙོམས་རླངས་འཁོར་ཁྲི་130ལྷག་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད་པ་རེད། ཨ་མདོ་རྫོང་ནི་བོད་ལྗོངས་དང་། མཚོ་སྔོན། ཤིན་ཅང་བཅས་ཞིང་ཆེན་དང་ལྗོངས་གསུམ་གྱི་འབྲེལ་མཚམས་སུ་གནས་ཤིང་མཚོ་བོད་གཞུང་ལམ་དང་མཚོ་བོད་ལྕགས་ལམ་ཡང་རྫོང་དེ་བརྒྱུད་དེ་བཟོས་ཡོད་པ་རེད། 2004ལོར་བཙུགས་པའི་ཨ་མདོ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་རྒྱལ་ལམ་109ཡི་ལམ་དུམ་སྤྱི་ལེ་181ལ་དོ་དམ་བྱེད་ཀྱི་ཡོད་པ་དང་། ལམ་དུམ་དེའི་ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཏུའུ་1དང་རིམ་པ་7ཡན་གྱི་རླུང་ཆེན་ལྡང་ཚད་ཉིན་200ཡན་ཟིན་གྱི་ཡོད་པ་རེད།
    ས་བབ་མཐོ་ཁུལ་དུ་རླངས་འཁོར་གཏོང་བར་ཁ་ལོ་བས་དེ་གའི་གནམ་གཤིས་དང་ལམ་གྱི་གནས་ཚུལ་ཤེས་རྟོགས་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན། ལོ་འདི་དག་རིང་། ཨ་མདོ་འགྲིམ་འགྲུལ་ཉེན་རྟོག་གིས་འཕྲིན་ཐུང་བསྐུར་བ་ནས་སྨྱན་སྦྱོར་གསར་པའི་ལས་སྟེགས་སྤྱོད་པའི་བར་སོགས་ཆ་འཕྲིན་གཏོང་སྤེལ་བྱེད་སྟངས་གསར་གཏོད་བྱས་ཐོག་ཐབས་ལམ་སྣ་ཚོགས་བརྒྱུད་དེ་རྒྱལ་ལམ་109རྒྱུད་ཀྱི་གནས་ཚུལ་རང་འགུལ་ངང་གཏོང་སྤེལ་བྱས་པ་དང་། “མགྱོགས་འཕྲིན”དང“ཁྱུག་དབྱིངས”ཐོག་གཞུང་ལམ་གྱི་གནས་ཚུལ་གཏོང་སྤེལ་བྱས་པའི་བརྙན་ཕབ་བལྟས་ཚད་ཐེངས་ཁྲི་480ལྷག་ཟིན་ཡོད་པ་རེད།
    གདང་ལའི་ཉག་ཁ་ནས་མུ་མཐུད་ལྷོ་ཕྱོགས་སུ་བསྐྱོད་ན་ས་བབ་མཐོ་ཚད་སྨི་4800ལྷག་ཟིན་པའི་ཨ་མདོ་རྫོང་གྲོང་དུ་སླེབས་ཀྱི་ཡོད། ཨ་མདོ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་རྫོང་གྲོང་དེའི་རྒྱུད་ཀྱི་རྒྱལ་ལམ་109རྒྱུད་དུ་ཡོད། རྒྱལ་སྒོ་འཛུལ་སྐབས་འཕྲུལ་སྒུལ་འཁོར་རིགས་ཞིབ་བཤེར་ཁུལ་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་བ་མཐོང་བྱུང་། འགྲིམ་འགྲུལ་རུ་ཆེན་དེའི་རུ་དཔོན་ཚེ་རྒྱལ་གྱིས“འཕྲུལ་སྒུལ་འཁོར་རིགས་ཞིབ་བཤེར་ཁུལ་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་ནས་སྒྲིག་ཆས་བསྒར་རྒྱུར་སྒུག་ཡོད། སྒྲིག་ཆས་ཁག་བསྒར་ཚེ་རླངས་འཁོར་ཆུང་གྲས་ལ་འཁོར་བྱང་འགེལ་བ་དང་ལག་བརྒྱུད་རླངས་འཁོར་གྱི་ཐེམ་ཐོ་སྒྱུར་བ་སོགས་ཀྱི་ལས་སྒོ་ཚང་མ་འདི་གར་གཉེར་ཐུབ”ཅེས་བཤད།
    2018ལོའི་ཟླ་བཅུ་གཅིག་པའི་ཟླ་མཇུག་ཏུ། ཨ་མདོ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ཁོངས་གཏོགས་ཀྱི་འཁོར་རིགས་དོ་དམ་སུའོ་དངོས་སུ་བཙུགས་ནས་སྦག་སྦག་ལ་འཁོར་བྱང་འགེལ་བ་དང་ལག་ཁྱེར་གསབ་གཉེར་དང་བརྗེ་གཉེར་སོགས་ཀྱི་ལས་སྒོ་གཉེར་གྱི་ཡོད། སྔོན་ཆད། ས་གནས་དེ་གའི་མང་ཚོགས་ཀྱིས་ལས་སྒོ་དེ་དག་གཉེར་དགོས་ན་སྤྱི་ལེ་150ལྷག་གི་སར་གནས་པའི་ནག་ཆུ་གྲོང་ཁྱེར་འཁོར་རིགས་དོ་དམ་སུའོ་ལ་འགྲོ་དགོས་པས། དུས་ཚོད་མང་པོ་འཕྲོ་བརླག་འགྲོ་བ་མ་ཟད། ད་དུང་ཞག་སྡོད་འགྲོ་གྲོན་དང་ལམ་གྲོན་སོགས་དངུལ་ཡང་མང་པོ་ཕྱིན་ནས་མང་ཚོགས་ཀྱི་ཁུར་པོ་ཇི་ལྟར་འགྲོ་གི་ཡོད། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་བྱས་ཚུན་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཞབས་ཞུའི་ཚོམས་ཆེན་གསར་པ་བརྒྱབ་པ་དང་། ས་བབ་མཐོ་ཞིང་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་མང་བའི་གནས་ཚུལ་ལ་དམིགས་ནས། རུ་ཆེན་དེས་ལས་སྒྲུབ་ལས་ཕྱོད་ཆེ་རུ་དང་ཞབས་ཞུའི་དུས་ཚོད་རིང་དུ་བཏང་ནས“ཆུ་ཚོད་24དང་ལོ་ཧྲིལ་པོར་ངལ་གསོ་མེད་པའི”ཞབས་ཞུའི་ལམ་སྲོལ་ལག་བསྟར་བྱས་ཏེ། མང་ཚོགས་ཀྱི་ཡུན་རིང་སྒུག་མི་དགོས་པ་བྱས་པ་རེད།
    ཁ་ལོ་བ་ཧན་རེན་ཧྲང་ནི“གློད་སྡོམ་ཞབས་གསུམ”ལས་ཕན་པ་ཐོབ་མཁན་ཞིག་ཡིན་ཏེ། “ཐེངས་ཤིག་ལ་ང་རང་ལས་སྒོ་ཞིག་གཉེར་དགོས་ཡོད་ཀྱང་ཨ་མདོ་རྫོང་དུ་སླེབས་དུས་མཚན་མོའི་ཆུ་ཚོད་11ཡོལ་འདུག ཡིན་ན་ཡང་འགྲིམ་འགྲུལ་རུ་ཆེན་དུ་འགྲོ་སྐབས་ལས་རེས་པས་ང་ལ་ལས་སྒོ་མགྱོགས་མྱུར་གཉེར་བྱུང”ཞེས་ཁོང་གིས་བཤད།
   དུས་རྒྱུན་མཚོ་བོད་གཞུང་ལམ་ཐོག་ཕར་འགྲོ་ཚུར་འོང་བྱེད་མཁན་ཁ་ལོ་བ་རྒན་གྲས་ཤིག་ཡིན་པའི་ཆ་ནས། ཧན་རེན་ཧྲང་གིས་གཞུང་ལམ་དེའི“འགྱུར་བའི་ཆ”དང“མི་འགྱུར་བའི་ཆའི”དཔང་པོ་བྱེད་ཐུབ། འགྱུར་བའི་ཆ་ནི་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་པའི་ས་གནས་དེ་གའི་འགྲིམ་འགྲུལ་ཉེན་རྟོག་པས་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་། མི་འགྱུར་བའི་ཆ་ནི་ཁོང་ཚོའི“སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ”བཅས་ཀྱི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དེ་ཡིན་པ་རེད།
     ས་བབ་མཐོ་ཚད་སྨི་5200ཡན་ཟིན་པའི་གདང་ལའི་ལམ་དུམ་ནི་མཐོ་གྲང་ཁུལ་དང་འཕྲེད་ཐིག་མཐོ་ཁུལ་དུ་གཏོགས་པས་གསོ་རླུང་འདུས་ཚད་ནང་སའི་50%ལས་ཟིན་གྱི་མེད། ཀུན་གྱིས“ཁ་བ་བུ་ཡུག་གི་མཛོད”ཅེས་འབོད་པའི་གདང་ལའི་ཉག་ཁར་སེར་བ་དང་ཁ་བ་འབབ་པ་དང་རླུང་ཆེན་ལྡང་བ་སོགས་ཀྱི་གནམ་གཤིས་དུས་བཞིར་སྟོན་གྱི་ཡོད་པས། དེ་གར་ལས་སྒྲུབ་བྱེད་པར་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད། ཡིན་ན་ཡང་ཨ་མདོ་འགྲིམ་འགྲུལ་ཉེན་རྟོག་པ་ཚོ“གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས”ཞེས་ཤོད་རྒྱུར་དགའ།