འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་1ཉིན།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་གནང་ནས། བཟོ་བཅོས་བརྒྱབ་རྗེས་
ཀྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆ་དོ་དམ་བཅའ་ཁྲིམས་ཀྱི་ལག་བསྟར་
སྲོལ་ཡིག》ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་01ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་དེ་བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆ་དོ་དམ་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)2021ལོའི་ཟླ་9ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ལུགས་ཁྱབ་བསྒྲཌ་གནང་བ་རེད།
   ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་ཆའི་ལམ་ལུགས་སྒྱུར་བཅོས་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། ས་ཆ་བསྡུ་ལེན་དང་། མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆ་ཁྲོམ་རར་འདོན་པ། ཁང་སའི་ལམ་ལུགས་སྒྱུར་བཅོས་ཚོད་ལྟ་སོགས་ཀྱི་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པའི་རྨང་གཞི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ《ས་ཆ་དོ་དམ་བཅའ་ཁྲིམས》ལ་བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་རེ་བ་བཏོན་པ་དང་། བཅའ་ཁྲིམས་གསར་པ་དེ་2020ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་པ་རེད། བཅའ་ཁྲིམས་དང་ལམ་ལུགས་ཀྱི་བཀོལ་སྤྱོད་རང་བཞིན་ཆེ་རུ་བཏང་ནས་ས་ཆའི་ལམ་ལུགས་སྒྱུར་བཅོས་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡོང་བར་འགན་ལེན་བྱ་ཆེད། 《སྲོལ་ཡིག》དེ《ས་ཆ་དོ་དམ་བཅའ་ཁྲིམས》ལམ་ལུགས་ཀྱི་སྒྲོམ་གཞིའི་འོག ས་ཆ་བསྡུ་ལེན་དང་། མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆ་ཁྲོམ་རར་འདོན་པ། ཁང་ས་དོ་དམ་སོགས་ཀྱི་གནད་དོན་གཙོ་བོར་དམིགས་ནས་རྨོ་ཞིང་ལ་སྲུང་སྐྱོང་བྱེད་ཚད་ཆེ་རུ་བཏང་བ་དང་། རྨོ་ཞིང“ཞིང་ལས་མིན་པ”དང“འབྲུ་རིགས་མིན་པ”དང་དེ་བཞིན“གྲོང་ཚོ་ཟླ་སྒྲིལ་མཉམ་སྡོད”ཁྲོད་ཞིང་པའི་འདོད་མོས་དང་རྒྱབ་འགལ་བྱས་པ་སོགས་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་ལམ་ལུགས་ཀྱི་དབྱེ་མཚམས་སྔར་བས་ཁ་གསལ་བཟོས་ཏེ་བཅའ་ཁྲིམས་ཀྱི་འགན་འཁྲི་ཆེ་རུ་བཏང་བ་སྟེ།
   གཅིག་ནས་རྨོ་ཞིང་སྲུང་སྐྱོང་གི་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱས་ཤིང་། རྒྱལ་ཁབ་ཀྱིས་རྨོ་ཞིང་ལ་དམིགས་བསལ་སྲུང་སྐྱོང་བྱེད་རྒྱུའི་གཏན་འབེབས་བྱས་པ་དང་། རྨོ་ཞིང་ནགས་ས་དང་། རྩྭ་ཐང་། གླིང་ཁུལ་སོགས་ཞིང་སྤྱོད་ས་ཆ་གཞན་བཀོལ་བྱེད་པར་ཚོད་འཛིན་ནན་པོ་བྱས་ཡོད་པ་དང་།
   གཉིས་ནས་ས་ཆ་གཞུང་བསྡུའི་བརྒྱུད་རིམ་འཐུས་སྒོ་ཚང་དུ་བཏང་ཞིང་། ས་ཆ་གཞུང་བསྡུའི་སྔོན་བརྡ་དང་སྤྱི་བསྒྲགས་ཀྱི་ལམ་ལུགས་མང་དུ་བཏང་ནས་སྔོན་བརྡ་དང་སྤྱི་བསྒྲགས་ནང་གཞུང་བསྡུའི་ཁྱབ་ཁོངས་དང་། གཞུང་བསྡུའི་དམིགས་ཡུལ། ས་ཆའི་ད་ཆའི་གནས་བབ་བརྟག་དཔྱད་བཀོད་སྒྲིག་སོགས་ཚུད་དགོས་པ་ཁ་གསལ་བཏོན་ཡོད་པ་དང་། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་དུས་ཐོག་ཏུ་ས་ཆའི་ཁ་གསབ་དངུལ་དང་བཀོད་སྒྲིག་ཁ་གསབ་དངུལ་སོགས་འབྲེལ་ཡོད་གྲོན་དངུལ་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ།
   གསུམ་ནས་ཞིང་པའི་ཁང་སའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པར་ཤུགས་བརྒྱབ་ཅིང་། ཁང་ས་རེ་ཞུ་དང་ཞིབ་བཤེར་ཆོག་མཆན་འགོད་པའི་བརྒྱུད་རིམ་ཁ་གསལ་བཟོས་ཏེ་ས་གནས་སྲིད་གཞུང་གིས་ཁྲིམས་བཞིན་འཛུགས་སྐྲུན་ས་ཆའི་དམིགས་ཚད་བཀོད་སྒྲིག་དང་ལུགས་མཐུན་གྱིས་གྲོང་གསེབ་ཀྱི་གྲོང་མིའི་ཁང་སའི་དགོས་མཁོ་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ།
   བཞི་ནས་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆ་ཁྲོམ་རར་ཞུགས་རྒྱུ་ཚད་ལྡན་དུ་བཏང་ཞིང་། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་སྤྱི་འདོམས་དང་ལུགས་མཐུན་ངང་མཉམ་སྡེབ་ཀྱི་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆའི་བཀོད་པ་དང་སྤྱོད་སྒོ་ཁ་གསལ་བཟོས་ཏེ་རང་བྱུང་ཐོན་ཁུངས་གཙོ་གཉེར་སྡེ་ཚན་གྱིས་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ལ་གཞིགས་ནས་འཆར་འགོད་ཆ་རྐྱེན་འདོན་དགོས་པ།
   ལྔ་ནས་ས་ཆ་བེད་སྤྱོད་ཀྱི་ཞིབ་མཆན་བརྒྱུད་རིམ་ལེགས་སུ་བཏང་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ས་ཆ་བེད་སྤྱོད་ཀྱི་ཞིབ་བཤེར་མཆན་འགོད་ཀྱི་འབྲེལ་ཡོད་སྒྱུར་བཅོས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཞིབ་བཤེར་མཆན་འགོད་ཀྱི་རིམ་པ་ཉུང་དུ་གཏོང་བ་དང་། ཞིང་སྤྱོད་ས་ཆ་གཞན་བཀོལ་གྱི་ཇུས་གཞི་དེ་ཆོག་མཆན་སྤྲོད་དབང་ཡོད་པའི་མི་དམངས་སྲིད་གཞུང་ལ་ཐད་ཀར་ཆོག་མཆན་རེ་ཞུ་བྱེད་ཆོག་པས། སྔོན་ཆད་ལྟར“རིམ་པ་བཞིན”གོང་རིམ་དུ་ཆོག་མཆན་རེ་ཞུ་བྱེད་དགོས་ཀྱི་མེད་པ་བཅས་རེད།