འཚོལ་བཤེར།   
藏文频道
2021ལོའི་ཟླ་7ཚེས་29ཉིན།

༄༅།།རྒྱལ་ཡོངས་ཀྱི་ས་བབ་མཐོ་བའི་5Gརིག་ནུས་གཏེར་རི་ཐོག་མ་སྤྱོད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་29ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    མི་དམངས་དྲ་བའི་འཕྲིན། འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་7ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་གསར་འགོད་པར་ཕུའུ་ལང་ཟངས་གཏེར་5Gརིག་ནུས་གཏེར་རིའི་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཕུའུ་ལང་ཟངས་གཏེར་5Gརིག་ནུས་གཏེར་རི་དངོས་སུ་བཟོ་ལས་ཀྱི་བཀོལ་སྤྱོད་ཐུབ་ནས། གཏེར་རི་དེ་ཀྲུང་གོའི་5Gབཟོ་ལས་ཀྱི་བཀོལ་སྤྱོད་ཐུབ་པའི་མདོག་ཅན་ལྕགས་རིགས་ས་འོག་གཏེར་རི་དང་ས་བབ་མཐོ་བའི་ས་ཁུལ་གྱི་5Gརིག་ནུས་གཏེར་རི་དང་པོར་གྱུར་ཡོད།
     ཕུའུ་ལང་ཟངས་གཏེར་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་བྱང་ཤར་རྒྱུད་དུ་གནས་ཤིང་། གཏེར་ཁུལ་གྱི་ས་བབ་མཐོ་ཚད་སྨི་3400ནས་4500བར་ཡིན་པ་དང་མཐོ་གྲང་གསོ་རླུང་དཀོན་པའི་རང་བྱུང་ཁོར་ཡུག་ལས་བདེ་འཇགས་ཐོན་སྐྱེད་ལ་འགྲན་སློང་ཆེན་པོ་ཕྲད་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 5Gརིག་ནུས་གཏེར་རིས་5G+རིག་ནུས་སྒྲིག་ཆས་དང་རིག་ནུས་ཚོད་འཛིན་ལ་བརྟེན་ནས་མི་མེད་བཀོལ་སྤྱོད་བྱེད་ཐུབ་པ་དང་། གཏེར་འདོན་བཟོ་པས་ད་ཆ་རྒྱ་ཆེ་ལ་དཀར་ཆ་དོད་པའི་བཀོད་གཏོང་ཚོམས་ཆེན་ནས་སྤྱི་ལེ་ཁ་ཤས་ཀྱི་སར་ཡོད་པའི་རིག་ནུས་གཏེར་འདོན་སྒྲིག་ཆས་བཀོལ་སྤྱོད་ཐུབ་སྟེ“མི་ཉུང་བ་དང་མི་མེད་པའི”བདེ་འཇགས་ཐོན་སྐྱེད་མངོན་འགྱུར་བྱུང་ཡོད།
     མི་མེད་རྐོ་འདྲུའི་འཕྲུལ་འཁོར་ལ་ཆ་མཚོན་ན། མི་མེད་རྐོ་འདྲུའི་འཕྲུལ་འཁོར་ལ་5Gསྤྱོད་པ་ནི་སྒྲིག་ཆས་ཀྱིས་བཟོ་པའི་ཚབ་བྱས་ནས་ཐོན་སྐྱེད་བྱེད་པ་ཞིག་ཡིན་ཞིང་། དེས་གཏེར་རི་སྔོག་འདོན་བྱེད་སྐབས་འབར་གཏོར་མ་བྱས་གོང་དང་བྱས་རྗེས་ཀྱི་མི་སྣ་སྒྲིག་འཛུཌ་ཀྱིས་ཕྱིར་འཐེན་བྱེད་དགོས་པའི་དཀའ་གནད་ཐག་གཅོད་ཐུབ་སྟེ། མི་སྣའི་བདེ་འཇགས་འགན་ལེན་བྱེད་པ་དང་ཆབས་ཅིག་གཏེར་རི་སྔོག་འདོན་གྱི་དུས་ཡུན་ཆུ་ཚོད་4རིང་དུ་ཕྱིན་ཏེ། གཏེར་འདོན་གྱི་ལས་ཕྱོད་18%མཐོ་རུ་ཕྱིན་པ་རེད། དེ་དང་ཆབས་ཅིག རྒྱང་ཁྲིད་བཀོལ་སྤྱོད་བྱས་པ་ལས་གཏེར་འདོན་རླངས་འཁོར་གྱི་ཁ་ལོ་བ་1གིས་གཏེར་འདྲེན་རླངས་འཁོར་མང་པོ་གཏོང་བའི་ཇུས་གཞི་མངོན་འགྱུར་བྱུང་ཞིང་། དེ་སྔོན་ཕུའུ་ལང་ཟངས་གཏེར་གྱི་ཚོ་པ་3གྱི་ལས་དོན་མི་སྣ་72ཀྱིས་མཉམ་ལས་བྱས་ཚེ་གཞི་ནས་ལེགས་གྲུབ་ཐུབ་པའི་ལས་ཀ་དེ་ད་ཆ“རྒྱང་ཁྲིད་ཚོད་འཛིན་བ་28+བདེ་འཇགས་སྐོར་བཤེར་བ་3”གྱིས་ལེགས་གྲུབ་ཐུབ་ཀྱི་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། 5Gརིག་ནུས་གཏེར་རི་ནི་ཀྲུང་གོ་སྒུལ་བདེ་ཡུན་ནན་ཀུང་སིས་ཡུན་ནན་བདེ་ཆེན་མདོག་ཅན་ལྕགས་རིགས་ཚད་ཡོད་འགན་འཁྲི་ཀུང་སི་དང་། ཀྲུང་གོ་ཧ་ཡང་རིག་ནུས་ཟངས་གཏོད་ཚན་རྩལ(ཡུན་ནན)ཚད་ཡོད་ཀུང་སི། ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་སི་བཅས་དང་མཉམ་དུ་འགག་སྒྲོལ་བྱས་ནས་བཏོད་པ་ཞིག་རེད།