འཚོལ་བཤེར།   
藏文频道
2021ལོའི་ཟླ་7ཚེས་5ཉིན།

༄༅།།“ཟམ་པ་རེ་དང་གཞུང་ལམ་དུམ་བུ་རེ་བཟོས་པ་ལས་མང་ཚོགས་ལ་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྒོ་མོ་
འབྱེད་ཐུབ”

—— ཞི་ཅིན་ཕིང་གིས་མི་སེར་ཕྱིར་སྐྱོད་ཐད་ཐུགས་ཁུར་གནང་བའི་གཏམ་རྒྱུད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་05ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ཚོད་ལྟའི་འཁོར་སྐྱོད་ཀྱི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ཡར་ཀླུང་གཙང་པོའི་འགྲམ་ནས་སྐྱོད་བཞིན་པ།
འདི་ནི་ཚོད་ལྟའི་འཁོར་སྐྱོད་ཀྱི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ཡར་ཀླུང་གཙང་པོའི་འགྲམ་ནས་སྐྱོད་བཞིན་པ།
    དབུལ་སྒྲོལ་ཕྱུག་འགྱུར་བྱེད་པར་འཕེལ་རྒྱས་ལ་བརྟེན་དགོས། འཕེལ་རྒྱས་གཏོང་བའི་སྔོན་འགྲོ་ནི་འགྲིམ་འགྲུལ་ཡིན།
   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་འགྲིམ་འགྲུལ་བྱ་གཞག་དང་མི་སེར་ཕྱིར་སྐྱོད་དཀའ་བར་ཐུགས་ཁུར་གནང་ཐོག་གཞི་རིམ་དུ་ཐེངས་མང་ཕེབས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ལ་བརྟག་ཞིབ་གནང་བ་དང་སྦྲགས། དམངས་ཀྱི་འབོད་སྒྲ་གསན་པ་མ་ཟད། གནས་ཚུལ་དངོས་མཁྱེན་རྟོགས་གནང་རྗེས་མཛུབ་སྟོན་གལ་ཆེན་གནང་ནས། འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་ཡང་གནང་བ་རེད།
    མི་སེར་ཕྱིར་སྐྱོད་དཀའ་བར་ཐུགས་ཁུར་གནང་བ།
    གྲོང་གསེབ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་རྨང་གཞི་ནི་འགྲིམ་འགྲུལ་ལ་ཐུག་ཡོད། གྲོང་གསེབ་ས་ཁུལ་དང་ལྷག་པར་དུ་ས་ཁུལ་དབུལ་པོའི་འགྲིམ་འགྲུལ་འཛུགས་སྐྲུན་ལས་དོན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁུར་གནང་གི་ཡོད་པ་རེད།
    ཡུན་ནན་དང་བོད་ཀྱི་འབྲེལ་མཚམས་སུ་གནས་པའི་ཡུན་ནན་ཀུང་ཧྲན་ཏུའུ་ལུང་རིགས་དང་ནུའུ་རིགས་རང་སྐྱོང་རྫོང་ཏུའུ་ལུང་ཅང་ཤང་ནི་ཏུའུ་ལུང་རིགས་འདུས་སྡོད་བྱ་ཡུལ་གཙོ་བོ་ཞིག་ཡིན། དེ་གར་རི་མཐོ་ཞིང་གྲོག་རོང་ཟབ་ལ་རང་བྱུང་ཆ་རྐྱེན་ཞན་པས། དེ་སྔོན་ཡུན་ནན་དང་ཐ་ན་རྒྱལ་ཡོངས་ཀྱི་ཆེས་དབུལ་ཕོངས་དང་ཆེས་རྗེས་ལུས་ཀྱི་ས་ཁུལ་ཞིག་ཡིན། ཏུའུ་ལུང་ཅང་ཤང་གི་འགྲོ་ལམ་འགྲིམ་འགྲུལ་ཡག་པོ་ཡོད་མེད་དང་ཡུལ་མི་ཚོ་ཕྱིར་སྐྱོད་པར་སྟབས་བདེ་ཡོད་མེད་ཐད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རྒྱུན་དུ་ཐུགས་ལ་བཞག་གནང་གི་ཡོད།
    2014ལོའི་གནམ་ལོ་གསར་ཚེས་ཀྱི་སྔ་ནུབ་ཏུ། ཡུན་ནན་ཞིང་ཆེན་ཀུང་ཧྲན་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། ལོ་མང་རིང་རེ་སྒུག་བྱས་པའི་ཀའོ་ལི་ཀུང་ཧྲན་ཏུའུ་ལུང་ཅང་གཞུང་ལམ་གྱི་ཕུག་ལམ་ཏལ་འབིགས་ཐུབ་གྲབས་ཡོད་པའི་གཏམ་བཟང་སྙན་ཞུ་ཕུལ་བ་རེད།
    འཕྲིན་ཡིག་འབྱོར་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀའོ་ལི་ཀུང་ཧྲན་ཏུའུ་ལུང་ཅང་གཞུང་ལམ་གྱི་ཕུག་ལམ་ཏལ་འབིགས་ཐུབ་གྲབས་ཡོད་པའི་གཏམ་བཟང་ཐོས་པས་ཧ་ཅང་དགའ་པོ་བྱུང་། འདི་གར་ཏུའུ་ལུང་རིགས་ཀྱི་ཡུལ་མི་སྤུན་ཟླ་ཚོར་བཀྲ་ཤིས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཏུའུ་ལུང་རིགས་ཀྱི་མང་ཚོགས་ཀྱི་སྡོད་གནས་ཆ་རྐྱེན་ཅུང་ཞན་པས་ངས་དུས་དང་རྣམ་པ་ཀུན་ཏུ་ཁྱེད་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་སེམས་ཁུར་བྱེད་ཀྱི་ཡོད”ཅེས་པའི་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་བ་རེད།
    ཡིག་འབྲུ་རེ་རེའི་ནང་དུ་སྤྱི་ཁྱབ་ཧྲུའུ་ཅིས་བྱམས་བརྩེ་ཆེན་པོ་བཅངས་པ་ཚོར་ཐུབ།
   ལོ་གཅིག་གི་རྗེས་ཏེ་2015ལོའི་ཟླ་1ཚེས་20ཉིན། ཡུན་ནན་ཁུན་མིང་དུ་བརྟག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་མངགས་དུས་ཚོད་བཀོད་སྒྲིག་གནང་སྟེ་དེ་སྔ་འཕྲིན་ཡིག་འབྲི་མཁན་ལས་བྱེད་མང་ཚོགས་5་དང་ཏུའུ་ལུང་རིགས་ཀྱི་བུད་མེད་2ཁུན་མིང་དུ་བསུས་ནས་ཐུག་འཕྲད་གནང་བ་རེད།
    ས་སྲོས་ཀྱི་སྐབས་སུ། བཅའ་སྡོད་བྱ་ཡུལ་གྱི་མགྲོན་ཁང་གི་ཚོགས་ཁང་ནང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏུའུ་ལུང་རིགས་ཀྱི“རྫོང་དཔོན་རྒན་གྲས”ཀའོ་ཏེ་རུང་ལ་ཕྱག་གཏོང་གནང་བཞིན་སྦ་ཤིང་གི་རྐུབ་བཀྱག་ཅིག་གི་སྟེང་བཞུགས་ནས། ཚང་མ་དང་མཉམ་དུ་ཏུའུ་ལུང་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་འཕོ་འགྱུར་ཆེན་པོ་མཚོན་པའི་བརྙན་ཐུང་ལ་གཟིགས་པ་རེད།
    “དེ་སྔོན་རི་ཁུག་ནས་ཐོན་པར་དུས་ཚོད་ག་ཚོད་འགོར་གྱི་འདུག”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིས་གནང་བར།
   “བཅིངས་འགྲོལ་མ་བཏང་གོང་། ས་གནས་དེ་གའི་མི་རྣམས་ཀའོ་ལི་ཀུང་ཧྲན་རི་བོ་བརྒལ་ནས་ཀུང་ཧྲན་རྫོང་དུ་ཕྱིན་ཏེ་ལོག་ཡོང་བར་ཟླ་ཕྱེད་འགོར་གྱི་འདུག ཀྲུང་གོ་གསར་པ་དབུ་བརྙེས་རྗེས་མི་རྟའི་ས་ཚུགས་བཟོས་པས་ཕར་འགྲོ་ཚུར་འོང་བྱེད་པར་ཉིན་དྲུག་ནས་བདུན་འགོར་གྱི་འདུག 1999ལོར་ཏུའུ་ལུང་ཅང་གི་གཞུང་ལམ་སྟབས་བདེ་ཤར་གཏོང་ཐུབ་རྗེས་གལ་སྲིད་གངས་བབས་ནས་ལམ་མ་འགག་ཚེ་ཆུ་ཚོད་བདུན་བརྒྱད་ཀྱི་ནང་རྫོང་གྲོང་དུ་སླེབས་ཀྱི་འདུག ད་ཆ་ཕུག་ལམ་ཤར་གཏོང་ཐུབ་པས་རྫོང་གྲོང་དུ་སྐྱོད་པར་ཆུ་ཚོད་གསུམ་ལས་དགོས་ཀྱི་མི་འདུག”ཅེས་ཀའོ་ཏེ་རུང་གིས་བཤད།
    ཏུའུ་ལུང་ཅང་གཞུང་ལམ་ནི་ཏུའུ་ལུང་རིགས་ཀྱི་མང་ཚོགས་ཀྱིས་ཕྱི་རོལ་ཡུལ་དང་འབྲེལ་བ་བྱེད་པའི་བགྲོད་ལམ་འབའ་ཞིག་དེ་ཡིན་ལ། ཏུའུ་ལུང་རིགས་ཀྱི་སྤུན་ཟླ་ཚོས་ཐོན་སྐྱེད་འཚོ་བ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྲོག་རྩ་ལྟ་བུ་ཡང་ཡིན། ད་ཆ། གཞུང་ལམ་གྱི་ཕུག་ལམ་ཏལ་འབིགས་ཐུབ་པས་ཡུལ་སྐོར་ལས་རིགས་ཀྱང་འཕེལ་རྒྱས་བྱུང་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པ་དང་ཆབས་ཅིག་ས་གནས་དེ་གའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཀྱང་ཐུབ་ཡོད་པ་རེད།
   འགྲིམ་འགྲུལ་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་མན་ངག་འཚོལ་ཞིབ་བྱས་པ།
   ཕྱུག་པོ་ཆགས་འདོད་ན་སྔོན་ལ་ལམ་བཟོ་དགོས། གྲོང་གསེབ་ཏུ་ལམ་མ་བཟོས་ན་ཕྱུག་པོར་འགྱུར་དཀའ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་བརྟེན་ནས“ཞིང་གསུམ”ལ་ཞབས་འདེགས་ཞུ་བ་དང་དབུལ་སྒྲོལ་ཕྱུག་འགྱུར་ལ་རམ་འདེགས་བྱེད་པའི་ནུས་པ་གལ་ཆེན་ལ་ཐུགས་ཁུར་ཟབ་མོ་གནང་གི་ཡོད་པ་རེད།
    ཝུའུ་ལིང་རི་བོའི་ཕང་བར་གནས་པའི་ཧུའུ་ནན་ཤང་ཤིས་ཐུའུ་ཅ་རིགས་དང་མེའོ་རིགས་རང་སྐྱོང་ཀྲོའུ་ཅི་ཧྲོའུ་གྲོང་ཁྱེར་ཨའེ་ཀྲའེ་གྲོང་རྡལ་དུ་རི་མཐོ་གཡང་གཟར་ལ་འགྲིམ་འགྲུལ་སྟབས་བདེ་པོ་མེད། རྗེས་ལུས་ཀྱི་འགྲིམ་འགྲུལ་གནས་བབ་དེ་ལེགས་སུ་གཏོང་ཆེད། ས་གནས་དེ་གས་2007ལོའི་ཟླ་བཅུ་པ་ནས་བཟུང་ཟམ་པ་བརྒྱབ་ནས་མྱུར་བགྲོད་གཞུང་ལམ་བཟོས་པ་དང་། 2012ལོའི་ཟླ་3ཚེས་31ཉིན། ཨའེ་ཀྲའེ་གྲོང་རྡལ་གྱི་འཕྱངས་ཟམ་ཆེ་མོ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད། འཕྱངས་ཟམ་ཆེ་མོ་དེས་ཧུའུ་ནན་དང་། ཁྲུང་ཆིང་། ཀུའེ་ཀྲོའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་མྱུར་བགྲོད་གཞུང་ལམ་གྱི་དྲ་བ་ཆེ་གྲས་ཁ་ཤས་སྦྲེལ་མཐུད་བྱས་ཏེ། ཤང་ཤིས་ཀྲོའུ་ཡི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་འགྲིམ་འགྲུལ་གྱི་འཇུར་མིག་སེལ་བ་རེད།
    འཕྱངས་ཟམ་ཆེ་མོ་དེ་གཉེར་སྐྱོང་ཡག་པོ་ཡོད་མེད་དང་དེར་བརྟེན་ནས་ས་གནས་དེ་གའི་མི་སེར་གྱི་འཚོ་བ་ལེགས་སུ་ཕྱིན་ཡོད་མེད་ཐད། 2013ལོའི་ཟླ་11ཚེས་3ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཨའེ་ཀྲའེ་གྲོང་རྡལ་དུ་ཕེབས་ནས་འཕྱངས་ཟམ་ཆེ་མོར་གཟིགས་ཞིབ་གནང་བ་དང་སྦྲགས། ཤང་ཤིས་ཀྲོའུ་ཡི་ཉེ་བའི་ལོ་ཤས་རིང་གི་འགྲིམ་འགྲུལ་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་པ་དང་ལྷག་པར་དུ་གྲོང་གསེབ་ཀྱི་གཞུང་ལམ་དྲ་བ་སྤྱིར་ན་ཆགས་ཟིན་པ་མཁྱེན་རྟོགས་བྱུང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཐུགས་ཧ་ཅང་མཉེས་པོ་བྱུང་བ་རེད།
   “ས་ཁུལ་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་ནི་གལ་འགངས་ཆེན་པོ་ཡིན། དེའི་ཐད་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས་མུ་མཐུད་རྒྱབ་སྐྱོར་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱིས་རྒྱ་ཆེའི་ཞིང་པ་དབུལ་སྒྲོལ་ཕྱུག་འགྱུར་ངང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་རམ་འདེགས་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
   ད་ཆ་ཨའེ་ཀྲའེ་འཕྱངས་ཟམ་ཆེ་མོ་དང་། ཨའེ་ཀྲའེ་གཡང་གཟར་ཤེལ་ལམ། ཏེ་ཧང་མེའོ་རིགས་གྲོང་སྡེ་སོགས་མཛེས་ལྗོངས་ཁུལ་ལས་གྲུབ་པའི་ཏེ་ཧང་གྲོག་རོང་ཆེ་མོའི་མཛེས་ལྗོངས་ཁུལ་ལ་ས་གནས་ཀྱི་མི་སེར་མང་པོས་མེའོ་རིགས་ཀྱི་ཕར་ཆིན་རྒྱག་པ་དང་། མང་ཚོགས་ཀྱི་མགྲོན་ཁང་གཉེར་བ་སོགས་བྱས་ནས་སྒོ་རྩར“ཡུལ་སྐོར་གྱི་ཡོང་འབབ”གསོག་རྒྱུ་བྱུང་ཡོད།
   ལམ་ཤར་གཏོང་ཐུབ་ནས་ལས་རིགས་ཀུན་འཕེལ་རྒྱས་བྱུང་ཞིང་། དཔེར་ན། ཤང་ཤིས་ཀྲོའུ་དང་འདྲ་བར་ས་ཁུལ་དབུལ་པོ་མི་ཉུང་བ་ཞིག་ལ་ཐོན་ཁུངས་དཀོན་པའི་ཁར་ལམ་ཤར་གཏོང་མི་ཐུབ་པ་དང་མི་སེར་རྣམས་ཕྱིར་འགྲོ་མི་ཐུབ་པའི་རྐྱེན་གྱིས་འཚོ་བ་ཉིན་རེ་བཞིན་དབུལ་པོའི་གནས་སུ་ལྷུངས་ཡོད། དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་ཏུ་འགྱུར་ཡོད།
   འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་བསྐྲུན་རྒྱུར་འཆར་འགོད་བྱས།
   གནམ་བདེ་སྒོ་མོའི་གཞུང་ལྷོའི་སྤྱི་ལེ་46ཡི་སར་གནས་པའི་པེ་ཅིང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་ནི་རྨ་བྱའི་གཤོག་པ་བརྐྱངས་པ་དང་མཚུངས། ཉིན་དགུང་མཚམས་སུ་ཉི་མའི་འོད་ཟེར་གནམ་ཐང་བབས་ཚུགས་ཀྱི་ཐོག་ཁང་རྫ་མདོག་ཅན་ལ་ཕོག་ནས་འོད་ཆེམ་ཆེམ་དུ་འཕྲོ།
   དུས་ཚོད་2019ལོའི་ཟླ་9ཚེས་25ཉིན་ལ་ཕྱིར་ལོག་བྱས་ཚེ། པེ་ཅིང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་དངོས་སུ་སྤྱོད་འགོ་ཚུགས་པའི་སྐབས་ཡིན་པ་དང་། དེ་དུས་གནམ་ཐང་བབས་ཚུགས་གསར་རྐྱང་ཞིག་གི་ཐོག་ནས་སྐུ་མགྲོན་དམིགས་བསལ་བ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཛད་སྒོར་ཕེབས་ནས་གནམ་ཐང་དངོས་སུ་སྤྱོད་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་ཆབས་ཅིག གནམ་ཐང་བབས་ཚུགས་ཀྱི་ཐོག་ཁང་ལ་གཟིགས་སྐོར་གནང་བ་རེད།
   “ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་དེ་རྒྱལ་སྤྱིའི་རྩེར་སོན་གྱི་དུས་བདེའི་གནམ་ཐང་དང་། ལྗང་མདོག་གནམ་ཐང་། རིག་ནུས་གནམ་ཐང་། མི་ཆོས་གནམ་ཐང་བཅས་ལ་བསྐྲུན་ནས་འཛམ་གླིང་རིམ་པའི་མཁའ་འགྲུལ་གྱི་ལྟེ་བའི་ལས་གྲྭ་ཞིག་ཏུ་བཏོད་དེ། འཛམ་གླིང་ལ་ཀྲུང་གོ་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་དང་དེ་བཞིན་སྒོ་དབྱེ་བསྟུན་མཁས་དང་། ཞི་བདེ་མཉམ་ལས་ཀྱི་ཁོག་ཡངས་དཀྱེལ་ཆེ་ཞིག་མངོན་པར་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་མི་སེམས་ལ་ཟུག་ཡོད།
   ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་སྒྲིག་དང་མཛུབ་ཁྲིད་གནང་བར་བརྟེན་ནས་རང་རྒྱལ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་ལ་གྲུབ་འབྲས་རླབས་པོ་ཆེ་ཐོབ་ཡོད། མིག་སྔའི་བར་གོ་ལ་ཧྲིལ་པོའི་མདུན་གྲལ་གྱི་དོས་སྒམ་གྲུ་ཁ་ཆེན་པོ་བཅུའི་ཁྲོད་ཀྱི་བདུན་ཀྲུང་གོའི་ཡིན་པ་དང་། རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་ཁྲི་16ཟིན་པ། མྱུར་བགྲོད་ལྕགས་ལམ་ལས་གཉེར་གྱི་ལམ་ཚད་སྤྱི་ལེ་ཁྲི་3.8ལྷག་ཟིན་པ། ནང་ཁོངས་ཆུ་བོའི་ཆུ་ལམ་ཤར་གཏོང་གི་ལམ་ཚད་སྤྱི་ལེ་ཁྲི་12ཟིན་པ་བཅས་ཚང་མ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་ལ། ཤུགས་འགྲེམས་མེ་འཁོར“བསྐྱར་དར་རྟགས་ཅན”དང་། འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་C919སོགས་རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་འགྲིམ་འགྲུལ་ཡོ་བྱད་དང་འགྲིམ་འགྲུལ་སྒྲིག་ཆས་ཁག་གཅིག་ཟམ་མི་ཆད་པར་ཐོན་པ་སོགས་ལ“ཀྲུང་གོས་བཟོས་པའི”ཚད་གཞི་མཐོ་ཤོས་གསར་པའི་ལན་པར་བརྒྱབ་ཡོད་པ་རེད།