འཚོལ་བཤེར།   
藏文频道
2021ལོའི་ཟླ་7ཚེས་1ཉིན།

༄༅།།ལོ་ངོ་བརྒྱ་ཡི་འོད་སྟོང་བཏོད། བསྐལ་བརྒྱའི་རླབས་ཆེན་བྱ་གཞག་རྩོམ།

—— ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་01ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   དུས་རབས་གཅིག་གི་དྲག་ཆར་རླུང་འཚུབ་ཁྲོད། འཕུར་ཐེངས་གཅིག་གིས་ལེ་དབར་ཁྲི་ཕྲག་བཅད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བདེ་བླག་ངང་འགོ་རྩོམ་པའི་དུས་སྐབས་གལ་ཆེན་འདིར་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་འཁྲུངས་སྐར་བསུས་ཡོད། གལ་འགངས་ཆེ་བའི་ལོ་རྒྱུས་ཀྱི་མཚམས་ཚིགས་འདི་ནས་སྔར་སོང་གི་འབད་འཐབ་ལམ་བུར་ཕྱིར་མིག་ལྟ་བ་དང་མདུན་ཕྱོགས་ཀྱི་འབད་འབུངས་ལམ་བུར་རྒྱང་ལྟ་བྱེད་སྐབས་ང་ཚོའི་སེམས་ཀྱི་རྦ་རླབས་ལང་ལོང་དུ་འཕྱུར་བ་དང་དཔའ་སྟོབས་ཀྱིས་ཁེངས་ཡོད།
   1921ལོ་ནས་2021ལོ་བར་གྱི་ལོ་ངོ་བརྒྱའི་གྲུབ་འབྲས་འོད་སྟོང་འཕྲོ་བ། ཏང་དབུ་བརྙེས་ཏེ་གནམ་ས་འབྱེད་པ་ནས། ཀྲུང་གོ་གསར་པ་དབུ་བརྙེས་ཏེ་གནམ་ས་སྒྱུར་བའི་བར་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ཏེ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བའི་བར། དེ་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་བར། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོ་བསྲུངས་ཏེ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་མི་རྣམས་ཧང་སངས་དགོས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བཏོད་པ་དང་མིའི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་རླབས་ཆེན་ངོ་མཚར་བཏོད་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོས་དེ་བས་བརྗིད་ཉམས་ལྡན་པའི་ཉམས་མདངས་ཐོག་ནས་འཛམ་གླིང་ཤར་ཕྱོགས་སུ་འགྱིང་ངེར་ལངས་པ་དང་ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་ཕྱུག་པོ་ཆགས་པ་དང་སྟོབས་ཆེར་ཕྱིན་པ་བཅས་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བྱུང་ཡོད།
   1921ལོ་ནས་2021ལོ་བར་གྱི་ལོ་ངོ་བརྒྱ་སྤྱིར་བཏང་མིན་པ། ཧྲི་ཁུའུ་སྒོ་མོ་ནས་གནམ་བདེ་སྒོ་མོ་བར་དང་། ལས་དར་ལམ་བུ་ནས་བསྐྱར་དར་ལམ་བུའི་བར། གྲུ་ཆུང་དམར་པོ་ནས་བརྗིད་ཆགས་གྲུ་ཆེན་བར། ཀྲུང་གོ་གུང་ཁྲན་ཏང་གིས་དཀའ་སྡུག་ཆེ་ཞིང་འོད་སྟོང་འཕྲོ་བའི་སྔར་སོང་ཕར་ལ་བསྐྱལ་ནས་ཉིན་བཞིན་འགྱུར་ལྡོག་འགྲོ་བའི་དེང་གི་ཕྱོགས་སུ་སྐྱོད་པ་དང་འོད་སྣང་ལྡན་ཞིང་རླབས་ཆེ་བའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཆེ་ཤོས་སུ་སྲིད་འཛིན་ནས་ལོ་ངོ་70ལྷག་ཙམ་སོང་བ་དང་ཏང་ཡོན་ཁྲི་9500ལྷག་ཙམ་ཡོད་པའི་འཛམ་གླིང་ཐོག་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཆེ་ཤོས་སུ་གྱུར་ནས་ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ཙམ་གྱི་རྒྱབ་སྐྱོར་དང་བརྩི་བཀུར་ཆེས་རྒྱ་ཁྱབ་ངང་ཐོབ་ཡོད།
   1921ལོ་ནས་2021ལོ་བར་གྱི་ལོ་ངོ་བརྒྱར་ཟིལ་རླབས་དགུང་དུ་འཕྱུར་བ། ཀྲུང་གོའི་མི་དམངས་ཆེད་བདེ་སྐྱིད་དོན་གཉེར་བྱས་པ་མ་ཟད། ད་དུང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་འབད་འཐབ་ཀྱང་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་འཛམ་གླིང་ལ་སྤྱི་སྙོམས་ཆེན་པོ་དོན་གཉེར་བྱེད་པའི་ཀུན་ཕན་བརྩེ་སེམས་དང་ཞི་བདེ་དང་། འཕེལ་རྒྱས། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་བརྟན་སྲུང་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་སྐྱོང་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྐྱོང་མཁན་བཅས་བྱས་ནས་མིའི་རིགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཕུལ་བ་དང་མིའི་རིགས་ཀྱི་ཤེས་དཔལ་དང་ཡར་ཐོན་བྱ་གཞག་ལ་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་ཡོད།
    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རང་རེའི་ཏང་གི་ལོ་རྒྱུས་ནི་ཀྲུང་གོའི་ཉེ་རབས་དང་དེང་རབས་ཚུན་དུ་ལོ་རྒྱུས་ཐོག་ཆེས་དགའ་སྐྱོ་གཉིས་ལྡན་གྱི་ལེའུ་ཞིག་རེད། ལོ་རྒྱུས་ཀྱིས་མི་དམངས་འཚོལ་ཞིབ་དང་འབད་འཐབ་ཁྲོད་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་དང་། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭའི་ཤེས་དཔལ་གྱི་ལོ་རྒྱུས་ཀྱི་འོད་སྟོང་གསར་པ་བཏོད་ཡོད”ཅེས་གསུངས་ཡོད། ལོ་ངོ་བརྒྱ་ཡི་རྒྱུན་མཐུད་འབད་འཐབ་ཁྲོད་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་རླབས་ཆེའི་འགྲོ་ལམ་བཏོད་པ་དང་། རླབས་ཆེའི་བྱས་རྗེས་འཇོག་པ། རླབས་ཆེའི་སྙིང་སྟོབས་བཏོད་པ། རྩ་ཆེའི་ཉམས་མྱོང་གསོག་པ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་གྱི་ལོ་རྒྱུས་ཐོག་ཀུན་གྱིས་ཡིད་སྨོན་སྐྱེ་བའི་ངོ་མཚར་བཏོད་ཡོད།
    འདི་ནི་དཀའ་སྤྱད་ཚད་མེད་དང་རི་ཀླུང་ཁྱུར་མིད་གཏོང་ཐུབ་པའི་སྙིང་སྟོབས་ལྡན་པའི་བརྗིད་ཆེའི་ལོ་རྒྱུས་སྙན་ངག་ཅིག་རེད། འཛམ་གླིང་ཐོག་ཏང་སུ་འདྲ་ཞིག་ལའང་ང་ཚོ་དང་འདྲ་བར་དཀའ་ངལ་དང་ཉེན་ཁ་མང་པོ་དེ་འདྲ་འཕྲད་མྱོང་མེད་པ་དང་། ཤི་གསོན་གྱི་ཚོད་བགམ་མང་པོ་དེ་འདྲ་བརྒྱུད་མྱོང་མེད་ལ། ཧ་ཅང་ཡིད་སྐྱོ་བའི་བློས་གཏོང་མང་པོ་དེ་འདྲ་ཡང་བྱེད་མྱོང་མེད། ལོ་ངོ་བརྒྱ་ཡི་རིང་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ཁྲོད། རང་རེའི་ཏང་གིས་དགྲ་བོར་མི་སྐྲག་པ་དང་། ཉེན་ཁར་མི་འཛེམས་པ། འཐབ་རྩོད་བྱེད་ཕོད་པ། རྒྱལ་ཁ་ལེན་ཐུབ་པ་བཅས་བྱས་ཏེ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་བལྟས་ན་འགག་སྒྲོལ་བྱེད་མི་ཐུབ་པའི་འགག་སྒོ་མང་པོ་བཏོར་བ་དང་བལྟས་ན་ཐོབ་མི་སྲིད་པའི་རླབས་ཆེའི་རྒྱལ་ཁ་ཡང་ནས་ཡང་དུ་བླངས་ཡོད། ལོ་ངོ་བརྒྱ་ཡི་རིང་འབད་འཐབ་བྱས་པ་བརྒྱུད། ང་ཚོས་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ཀྱི་ལོ་རྒྱུས་ཡོད་པའི་རྒྱལ་ཁབ་དེར་ཆེས་རྒྱ་ཁྱབ་ཀྱི་མི་དམངས་དམངས་གཙོ་མངོན་འགྱུར་ཐུབ་ནས་མི་དམངས་རྣམས་རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་བཅས་ཀྱི་ལས་དབང་གི་བདག་པོར་དངོས་འབྲེལ་གྱུར་ཡོད། ང་ཚོས་དབུལ་ཞིང་ཕོངས་པའི་རྨང་གཞིའི་ཐོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་བའི་ངོ་མཚར་བཏོད་དེ་ལོ་བཅུ་ཕྲག་འགའ་ཤས་ནང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་བརྒྱ་ཕྲག་ཁ་ཤས་བརྒྱུད་རྗེས་ཀྱི་བཟོ་ལས་ཅན་གྱི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་ཚར་ནས་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེ་གྲས་གཉིས་པར་གྱུར་ཏེ་ཕྱོགས་བསྡུས་རྒྱལ་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས།
   རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། རང་རྒྱལ་གྱི་མི་དམངས་རྣམས་ལྟོ་གོས་མ་འཕྱིད་པ་ནས་ཕྱོགས་ཡོངས་འབྱོར་འབྲིང་བར་དང་སྤྱི་ཡོངས་དབུལ་པོ་དབུལ་རྐྱང་ལས་རྦད་དེ་བསྒྲལ་ནས་འཛམ་གླིང་ཐོག་ཡོང་འབབ་འབྲིང་གྲས་ཀྱི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ལ་གྱུར་ཡོད། རང་རྒྱལ་གྱིས་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་བཏོད་དེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་མི་དམངས་བདེ་སྡོད་ལས་བརྩོན་ཡུན་རིང་རྒྱུན་འཁྱོངས་ཐུབ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ངང་ཁས་ལེན་པའི་བདེ་འཇགས་ཚོར་སྣང་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཏུ་གྱུར་ཡོད། ད་ཆ་ཏང་གི་རྣམ་པ་དང་། རྒྱལ་ཁབ་ཀྱི་རྣམ་པ། མི་དམངས་ཀྱི་རྣམ་པ། དམག་དཔུང་གི་རྣམ་པ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་བཅས་ལ་སྔར་བྱུང་མྱོང་མེད་པའི་འགྱུར་ལྡོག་བྱུང་ནས་སྟོབས་ཤུགས་གང་རུང་ཞིག་གིས་རང་རེའི་རླབས་ཆེན་མེས་རྒྱལ་གྱི་གནས་བབ་ལ་གཡོ་འགུལ་གཏོང་མི་ཐུབ་ལ། སྟོབས་ཤུགས་གང་རུང་ཞིག་གིས་ཀྱང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་སྐྱོད་གོམ་སྟབས་འགོག་མི་ཐུབ།
   འདི་ནི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཤིག་རེད། ཀྲུང་གོའི་ཆབ་སྲིད་གར་སྟེགས་ཐོག་བསྐྱོད་པ་ནས་བཟུང་རང་རེའི་ཏང་གིས་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་མི་དམངས་ཆེད་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་ཆེད་བསྐྱར་དར་དོན་གཉེར་བྱས་ཡོད། དུས་དེ་ནས་བཟུང་ཀྲུང་གོ་མི་དམངས་རྣམས་བསམ་བློའི་ཐད་གཞན་སྐུལ་ནས་རང་འགུལ་ལ་གྱུར་པ་དང་ཀྲུང་ཧྭ་མི་རིགས་དཀའ་ཚེགས་ཆེ་ཡང་ལྡོག་ཐབས་མེད་པའི་སྒོ་ནས་རླབས་ཆེན་བསྐྱར་དར་ཕྱོགས་སུ་སྐྱོད་འགོ་ཚུགས་ཡོད། ལོ་ངོ་བརྒྱ་ཡི་རིང་དུས་བབ་དང་ལས་འགན་ལ་འགྱུར་ལྡོག་ཇི་འདྲ་བྱུང་བ་དང་དཀའ་ངལ་གང་ཞིག་འཕྲད་ཀྱང་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་རང་འགུལ་སྟངས་འཛིན་དང་འབད་འཐབ་ཀྱི་དམིགས་ཚད་ལ་གཞིགས་ཏེ་ཡང་དག་པའི་ཁ་ཕྱོགས་བརྒྱུད་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱས་ཡོད། མི་དམངས་ནི་རྒྱལ་སྲིད་ཡིན་པས། རང་རེའི་ཏང་གིས་རྒྱལ་སྲིད་བླངས་པ་དང་རྒྱལ་སྲིད་བསྲུངས་ཡོད། བསྲུངས་བ་ནི་མི་དམངས་ཀྱི་སེམས་པ་ཡིན་པ་དང་། དམིགས་ཡུལ་ནི་མི་དམངས་རྣམས་འཚོ་བ་སྐྱིད་པོ་སྐྱེལ་རྒྱུ་ཡོང་བ་བྱ་ཆེད་རེད། འགྲན་སློང་དང་གནོན་ཤུགས་ཆེན་པོ་གང་འདྲ་ཞིག་འཕྲད་པ་དང་བློས་གཏོང་དང་རིན་དོད་ཆེན་པོ་གང་ཞིག་བྱེད་དགོས་བྱུང་ཡང་དེར་འགྱུར་བ་རྩ་བ་ནས་བཏང་མེད། ལོ་ངོ་བརྒྱ་འབད་འཐབ་བྱས་པ་རྒྱུད་རང་རེའི་ཏང་གིས་མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་བཏོད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་ཟེར་ལྡན་པའི་མདུན་ལམ་བསུས་ཏེ་མི་དམངས་དུང་ཕྱུར་མང་པོའི་སྣེ་ཁྲིད་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ཟམ་མི་ཆད་པར་བཏོད་ཡོད། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་གི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས་རང་རེའི་ཏང་ཉམ་ཆུང་གི་གནས་ཚུལ་དེ་འདྲའི་འོག་རིམ་བཞིན་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་འགྲོ་དོན་དང་། ཁྲག་དྲི་བྲོ་བའི་དམག་འཐབ་དྲག་པོའི་ནང་རེ་ཐག་ཆད་པའི་གནས་སུ་གྱར་བ་ནས་རྒྱལ་ཁ་ཡང་ཡང་ཐོབ་དོན། འགག་སྒྲོལ་དཀའ་སེལ་ཁྲོད་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་རྒྱུན་ཆད་མེད་པར་བསྐྱོད་དོན་བཅས་ཀྱི་རྩ་བའི་རྒྱུ་རྐྱེན་ནི་གནས་བབ་ཡག་ཉེས་གང་ཞིག་ཏུ་གནས་རུང་། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་གིས་ཕྱིར་བཤོལ་གཏན་ནས་མེད་པའི་སྒོ་ནས་དམིགས་ཚད་འདིའི་ཕྱོགས་སུ་མདུན་སྐྱོད་བྱས་པས་མི་དམངས་ཀྱི་སེམས་གཏིང་ནས་བརྩི་བཀུར་དང་རྒྱབ་སྐྱོར་བརྟན་པོ་ཐོབ་ཡོད”ཅེས་གསུངས་པ་ལྟར་རེད། ལོ་ངོ་བརྒྱ་ཡི་འགྱུར་ལྡོག་ཆེན་པོ་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་ལ་འགྱུར་བ་གཏན་ནས་མེད་པར་ལས་འགན་ཕྲག་ཏུ་འཁུར་ཏེ་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སྙིང་སྟོབས་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་བཞིན་ཡོད།
   འདི་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་། དུས་རབས་ཅན། མང་ཚོགས་ཅན་བཅས་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་གྱི་འཕེལ་རིམ་ཞིག་རེད། ཉེ་རབས་ཀྲུང་གོ་ཉམས་ཉེན་ཆེ་ཤོས་ཀྱི་སྐབས་སུ་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་ལེ་ཉིང་རིང་ལུགས་རྙེད་པ་མ་ཟད། མར་ཁེ་སི་ལེ་ཉིང་རིང་ལུགས་དང་ཀྲུང་གོའི་དོན་དངོས་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་སྟོབས་ཤུགས་སྤྱད་ནས་ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་རིང་བཏོད་པའི་རླབས་ཆེན་ཤེས་དཔལ་ལ་གསོན་ཤུགས་སྦྱིན་པས། ཀྲུང་ཧྭའི་ཤེས་དཔལ་ལ་སླར་ཡང་བསམ་པའི་སྟོབས་ཤུགས་ཆེན་པོ་མངོན་ཡོད། ལོ་ངོ་བརྒྱའི་རིང་། མར་ཁེ་སི་རིང་ལུགས་ཀྱིས་ཀྲུང་གོར་འགྱུར་ལྡོག་གཏིང་ཟབ་བཏང་བ་མ་ཟད། ཀྲུང་གོས་ཀྱང་མར་ཁེ་སི་རིང་ལུགས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། རང་རེའི་ཏང་གིས་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་ཕན་ཚུན་གཅིག་གྱུར་དང་གཞི་བརྟན་སྟོབས་འཕེལ་དང་དྲང་སྲུང་གསར་གཏོད་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས་བྱས་ནས་མར་ཁེ་སི་རིང་ལུགས་ཀྱི་གནས་ཚད་གསར་པ་རྒྱུན་ཆད་མེད་པར་བཏོད་དེ། མའོ་ཙེ་ཏུང་གི་དགོངས་པ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་བཏོད་པ་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་གྲུབ་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཏོད་པ་བཅས་ལས་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་བྱས་ཡོད། རང་རེའི་ཏང་གི་ལོ་རྒྱུས་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བའི་ལོ་རྒྱུས་ཤིག་ཡིན་ལ། རིགས་པའི་གཞུང་ལུགས་གསར་གཏོད་དང་རིགས་པའི་གཞུང་ལུགས་གསར་རྩོམ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཤིག་ཀྱང་རེད། ད་ཆ་མར་ཁེ་སི་རིང་ལུགས་དུས་རབས་21པའི་ཀྲུང་གོར་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་མངོན་ནས་དུས་རབས་21པའི་ཀྲུང་གོའི་མར་ཁེ་སི་རིང་ལུགས་དེ་བས་སྟོབས་ཆེ་དང་དེ་བས་གོ་བསྐོན་བློ་འགུག་གི་བདེན་དོན་གྱི་སྟོབས་ཤུགས་མངོན་བཞིན་ཡོད།
   འདི་ནི་རྨང་འདིང་ལས་དར་དང་འབྱུང་འགྱུར་གཏོད་པའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ་ཞིག་རེད། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་དང་། རྒྱལ་ཁབ་འབྱོར་ཕྱུག་དང་མི་དམངས་བདེ་སྐྱིད་མངོན་འགྱུར་ཡོང་ཆེད། ཀྲུང་གོ་གུང་ཁྲན་ཏང་མིས་ཕྱིར་བཤོལ་གཏན་ནས་མི་བྱེད་པར་འགྱུར་མེད་དམ་བཅའ་བཞག་པ་དང་མུ་མཐུད་འབད་འཐབ་བྱས་ཡོད། ལོ་ངོ་བརྒྱའི་རིང་། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ལོ་ངོ་30ཙམ་གྱི་དུས་ཚོད་སྤྱད་དེ་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་ལེགས་གྲུབ་བྱས་ནས་ཀྲུང་གོ་གསར་པ་བཙུགས་པ་དང་། དུས་དེ་ནས་བཟུང་ཀྲུང་གོ་མི་དམངས་ཡར་ལངས་བྱུང་ཡོད། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་རྨང་གཞིའི་ཐོག་དུས་ཡུན་ལོ་ངོ་40ལྷག་ཙམ་གྱི་དུས་ཚོད་སྤྱད་དེ་སྒྱུར་བཅོས་སྒོ་དབྱེ་བྱས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རླབས་ཆེན་གྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ནས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་2035ལོར་སླེབས་སྐབས་རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་མ་ཟད། དེའི་རྨང་གཞིའི་ཐོག་སླར་ཡང་ལོ་15འབད་འཐབ་བྱས་ཏེ་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་རེད། ད་ཆ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པའི་དུང་བརྡ་བསྒྲགས་ཟིན་པ་དང་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དུས་རབས་གསར་པའི་རླབས་ཆེན་རྒྱང་སྐྱོད་ལམ་བུར་དཀའ་བ་ཁྱད་བསད་ཀྱིས་མུ་མཐུད་མདུན་སྐྱོད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་ལོ་རྒྱུས་ཀྱི་ཕུགས་འདུན་ཆེན་པོ་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་བཞིན་ཡོད།
   ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ཚུན་གྱི་ལོ་ངོ་བརྒྱ་ནི་ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་ཀྱི་ལས་དབང་ལ་རྦད་དེ་འགྱུར་ལྡོག་བཏང་བའི་ལོ་ངོ་བརྒྱ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཕྱོགས་སུ་སྐྱོད་པའི་ལོ་ངོ་བརྒྱ། ཀྲུང་གོས་མིའི་རིགས་ཡོངས་ཀྱི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་བའི་ལོ་ངོ་བརྒྱ་བཅས་རེད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་བསྐྱོད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་ནི་ཁྲག་དྲོན་དང་། རྔུལ་ཆུ། མིག་ཆུ་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དཀའ་སྡུག་དང་གཟི་བརྗིད་དང་། ཀྱག་ཀྱོག་དང་རྒྱལ་ཁ། བློས་གཏོང་དང་གྲུབ་འབྲས་བཅས་འདུས་པ་ནི་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་གི་བརྗིད་ཆེའི་ལེའུ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་འགོ་ཁྲིད་དེ་ཐོབ་པའི་རླབས་ཆེན་རྒྱལ་ཁ་ཡིས་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཀྲུང་ཧྭའི་ཤེས་དཔལ་ལ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བར་བྱེད་པ་དང་། དུས་རབས་21པར་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ལ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བར་བྱེད་པ། ཀྲུང་ཧྭ་མི་རིགས་ལ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བར་བྱེད་པ་བཅས་ནི་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་སྔ་འཛིན་ཕྱི་གཏོད་དང་འབད་འབུངས་མདུན་སྐྱོད་བྱེད་པའི་དངོས་ཡོད་ཀྱི་རྨང་གཞི་ཞིག་རེད།
   ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་བློ་གཏད་བཅོལ་ས་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་ཀྲུང་གོར་འགོ་ཁྲིད་བྱེད་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་ཁོ་ནས་ཀྲུང་གོ་སྐྱོབ་ཐུབ་པ། སྒྱུར་བཅོས་སྒོ་དབྱེ་ཁོ་ནས་ཀྲུང་གོ་འཕེལ་རྒྱས་དང་། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས། མར་ཁེ་སི་རིང་ལུགས་འཕེལ་རྒྱས་གཏོང་ཐུབ་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཁོ་ནས་ཀྲུང་གོ་དར་རྒྱས་འབྱོར་ཕྱུག་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཕྱོགས་སུ་སྣེ་ཁྲིད་ཐུབ་པ་ལག་ལེན་དངོས་ལས་ར་འཕྲོད་གང་ལེགས་ཐུབ་ཡོད།
   དེང་གི་འཛམ་གླིང་ལ་ལོ་ངོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་གྱི་འགག་རྩའི་དུས་སུ་སླེབས་ཡོད། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་འཐབ་རྩོད་བྱེད་བཞིན་ཡོད་པས། དུས་བབ་དང་ཁོར་ཡུག་ལ་འགྱུར་ལྡོག་འགྲོ་མགྱོགས་པ་དང་། སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ལྕི་བ། འགལ་ཟླ་དང་། ཉེན་ཁ། འགྲན་སློང་བཅས་མང་བས། རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཚོད་བགམ་ཆེན་པོ་སྔར་བྱུང་མྱོང་མེད་པ་ཞིག་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ལ་རེ་བས་ཁེངས་པ་དང་མདུན་ལམ་འོད་སྟོང་འཕྲོ་བ་ཞིག་ཡོད། འོན་ཀྱང་དེ་ནི་ལས་སླ་པོ་དང་འཕྲལ་མར་འགྲུབ་ཐུབ་པ་ཞིག་གཏན་ནས་མིན། དེར་བརྟེན། ང་ཚོར་ཐོབ་པར་དཀའ་བའི་གོ་སྐབས་འཕྲད་ཡོད་ལ། འགྲན་སློང་དྲག་པོ་ཡང་འཕྲད་ཡོད། “ལོ་བརྒྱ་གཉིས”ཀྱི་ལོ་རྒྱུས་འབྲེལ་མཚམས་སུ་ལོ་བརྒྱའི་འབད་འཐབ་ལམ་བུར་ཕྱིར་མིག་ལྟ་བ་དང་། རླབས་ཆེན་བསྐྱར་དར་གྱི་མདུན་ལམ་ལ་མིག་རྒྱང་ཕྱོགས་སྐབས་གོ་སྐབས་དང་དུས་བབ་རང་རེའི་ཕྱོགས་སུ་ཡོད་པས། དེ་ནི་ང་ཚོའི་གཏིང་ཤུགས་དང་གདེང་ཚོད་གནས་ས་ཡིན་ལ། ང་ཚོའི་ཆོད་སེམས་དང་ཡིད་ཆེས་གནས་ས་ཡང་ཡིན་པ་ང་ཚོས་གསལ་པོར་ཤེས་དགོས།
   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དེ། ཀྲུང་གོ་གུང་ཁྲན་ཏང་གི་འབད་འཐབ་ཀྱི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་བཅས་ཀྱི་ངོས་ནས་བརྗོད་ན་ལམ་ཚད་རྡོ་རིང་གི་དོན་སྙིང་གལ་ཆེན་ལྡན་ཡོད། དུས་མཚུངས་ང་ཚོས་ངེས་པར་དུ་འདི་ནི་ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་འགག་རྩའི་གོམ་པ་ཞིག་སྤོས་པའི་ངོས་འཛིན་བྱེད་དགོས། ང་ཚོས་ང་རྒྱལ་ཁེངས་དྲེགས་གཏན་ནས་མི་བྱེད་པ་དང་གོམ་པ་སྤོ་མཚམས་གཏན་ནས་མི་འཇོག་པར་མུ་མཐུད་ཁེངས་སྐྱུང་གཟབ་ནན་དང་། ང་རྒྱལ་དང་འཚབ་འཚུབ་སྤོང་བ། དཀའ་སྤྱད་འབད་འཐབ། ཡར་རྒྱས་བརྩོན་ལེན་བཅས་བྱས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་འབད་བརྩོན་ཆེར་སྐྱེད་བྱས་ཏེ། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས”ཞེས་གསུངས་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་གསར་འབྱེད་མདུན་སྐྱོད་བྱེད་པར་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མར་ཁེ་སི་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་དད་སེམས་བརྟན་དུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོད་སེམས་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་གྱི་ཡིད་ཆེས་ཆེ་རུ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། “ངེས་པར་དུ་གཉིས”མཐའ་འཁྱོངས་བྱེད་པ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ། སྐོང་འཐེན་ཐུབ་པའི་མཐུན་རྐྱེན་མཐའ་དག་སྐོང་འཐེན་བྱེད་པ། མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་པ། ཉམས་ཉེན་ཁྲོད་གོ་སྐབས་གཏོད་པ་དང་འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་གཏོད་པ། རང་ཉིད་ཀྱི་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ། རྒྱུན་སྲིང་ལྷོད་མེད་ངང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ལ་རྒྱལ་ཁ་ལེན་པའི་ཕྱོགས་སུ་སྐྱོད་པ། “རྒྱུགས་འབུལ་བས”རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོའི་སྒོ་ནས་དུས་རབས་གསར་པའི་རྒྱུགས་ལན་ཡག་པོ་འདེབས་པ་བཅས་བྱས་ཏེ། འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོར་བསྟུན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐལ་བྱའི་བྱ་གཞག་རླབས་པོ་ཆེ་གཏོད་དགོས།
   ང་ཚོས་དཀའ་སྤྱད་འབད་འཐབ་དང་ངལ་བ་ཁྱད་བསད་ཀྱིས་ལ་ཀླུང་མང་པོ་བརྒལ་ཡོད། ང་ཚོས་ད་དུང་མུ་མཐུད་འབད་འཐབ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱས་ནས་དེ་བས་འོད་སྟོང་འཕྲོ་བའི་མ་འོངས་གཏོད་དགོས། རང་རེའི་ཏང་གིས་སྔ་བར་ཕྱི་གསུམ་དུ་དུས་རབས་ཀྱི་རླབས་རྒྱུན་གྱི་ཆེས་མདུན་གྲལ་དང་། འགག་སྒྲོལ་དཀའ་སེལ་གྱི་ཆེས་མདུན་ས། རྒྱ་ཆེའི་མི་དམངས་ཀྱི་ཁྲོད་དུ་བཅས་ལངས་ཚེ། ཇི་སྲིད་བར་དུ་མི་ཕམ་པའི་གནས་སུ་འགྱིང་ངེར་གནས་ངེས་རེད། རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། བབ་བསྟུན་འཕྲལ་སྒྲུབ་དང་གསར་འབྱེད་མདུན་སྐྱོད་བྱས་ཏེ་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།