འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་11ཉིན།

༄༅།།ཡངས་པའི་རྩྭ་ཐང་སྟེང་གི་འཚོ་བ་གསར་པ།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་པར་ཕེབས་མྱོང་བའི་མཚོ་སྔོན་རྐང་ཚའི་བོད་རིགས་འབྲོག་ཁྱིམ་ལ་སླར་ཡང་བཅར་འདྲི་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་11ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། གཡང་ཕྱུག་ཟླ་སྒྲོན་དང་། ཀྲང་ཙེ་ཆི། ལི་ཅིང་ཕུང་།
    རྐང་ཚ་རྩྭ་ཐང་སྔོ་ཐིང་ངེར་གནས། འོམ་ཆུ་གཙང་པོ་མཚོ་ནང་རྒྱུག བོད་རིགས་འབྲོག་པ་བསོད་ནམས་ཚེ་རིང་ཁྱིམ་གྱི་སྒྲོག་ཙེའི་ཐོག་ཁ་ཏོག་དང་ཤིང་འབྲས་སོགས་བསྒྲིགས་ཡོད་པ་དང་ཐབ་ཐོག་སྐོལ་བའི་འོ་ཇའི་དྲི་ཞིམ་ཕྱོགས་བཞིར་འཐུལ།
    ཟླ་6ཚེས་8ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་གྲོང་ཚོའི་འབྲོག་པ་བསོད་ནམས་ཚེ་རིང་གི་ཁྱིམ་དུ་ཕེབས་ནས་བོད་རིགས་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་རེད།
    མཚོ་སྔོན་པོའི་བྱང་ངོགས་སུ་གནས་པའི་རྐང་ཚ་རྫོང་གྲོང་འདབས་ཀྱི་དཀོན་ལོ་ཚང་གོང་མ་གྲོང་ཚོའི་ས་བབ་མཐོ་ཚད་སྨི་3300ཙམ་ཟིན་པ་དང་ས་གནས་དེ་གའི་འབྲོག་པ་མང་ཆེ་བ་དེར་འཚོ་བ་སྐྱེལ་གྱི་ཡོད།
    “སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་ཁྱིམ་དུ་ཕེབས་ནས་ཁང་པའི་ཕྱི་ནང་དུ་ཞིབ་པར་གཟིགས་སོང་། ཁོང་བྱམས་བརྩེ་ལྡན་པས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང”རང་ཉིད་ཀྱི་པར་འཁྱེར་ནས་སྤྱི་ཁྱབ་ཧྲུའུ་ཅིར་འཚོ་བའི་འགྱུར་ལྡོག་ངོ་སྤྲོད་བྱས་པའི་རྣམ་པ་དྲན་གསོ་བྱེད་སྐབས་བོད་ཆས་ལེགས་པར་སྤྲས་པའི་བསོད་ནམས་ཚེ་རིང་གིས་འཛུམ་དམུལ་དམུལ་ངང་དེ་ལྟར་བཤད།
    པར་གཅིག་ནི་བསོད་ནམས་ཚེ་རིང་གི་དེ་སྔའི་སྡོད་གནས་ཡིན་པ་སྟེ། སྡོད་ཁང་རྙིང་པ་དེ་རི་འདབས་སུ་གནས་པའི་ས་ཕག་གི་ཁང་པ་ཞིག་ཡིན་པ་དང་རྡོ་བརྩིགས་པའི་གྱང་མཐོ་དམན་མི་སྙོམས་པ་དང་གོག་ཧྲུལ་ཞིག་རེད། པར་གཞན་གཉིས་པོ་ནི་བསོད་ནམས་ཚེ་རིང་གི་ཁྱིམ་གྱི་རྩྭ་ར་དང་ལུག་ཁྱུ་ཡིན་པ་སྟེ། དྭངས་གཙང་ནུས་རྒྱུ་འདྲེན་པའི་མཐོ་གནོན་གློག་སྐུད་བར་སྣང་དུ་ཁྲིད་པ་དང་རྩྭ་རའི་སྟེང་གི་ལུག་ཁྱུ་ཤ་ཤེད་རྒྱས་པའི་རྣམ་པ་ཞིག་རེད།
    2014ལོའི་ལོ་མཇུག་ཏུ་བསོད་ནམས་ཚེ་རིང་ནང་ཚང་སྤྱི་ལེ་17གྱི་སར་ཡོད་པའི་རྩྭ་ཐང་ནས་སྡོད་ཁང་གསར་པར་སྤོས་ཏེ་སྐྱས་སྤོས་འཚོ་བ་མཇུག་འགྲིལ་བ་རེད། 2015ལོའི་ལོ་མཇུག་ཏུ་བསོད་ནམས་ཚེ་རིང་ནང་ཚང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་བདམས།
    “དེ་སྔ་འཚོ་བར་དཀའ་ངལ་ཆེན་པོ་ཡོད་པ་དང་། ཕྱིར་འགྲོ་སྟབས་བདེ་མེད་པས་བཟའ་ཟླར་ནད་གཞི་ཕོག་ནའང་བཟོད་སྒོམ་བྱ་རྒྱུ་ལས་མ་འདས། ཕྲུ་གུ་གཉིས་པོ་སློབ་གྲྭར་འགྲོ་མྱོང་མེད་པས་རྒྱུན་དུ་ཁྱིམ་དུ་ཕྱུགས་འཚོས་ནས་སྡོད་ཀྱི་ཡོད། ནོར་ལུག་ཉོ་བོའི་དངུལ་མེད་པས་ཁྱིམ་དུ་རྩྭ་ར་མུའུ་450ཡོད་ནའང་ཕྱུགས་རིགས་8ལས་མེད་པ་དང་དེས་འཚོ་བ་འཁྱོལ་ཙམ་ལས་མེད”ཅེས་བསོད་ནམས་ཚེ་རིང་གིས་ཕྱིར་དྲན་བྱེད་བཞིན་དུ་བཤད།
    ཐོན་ལས་དབུལ་སྐྱོར་མ་དངུལ་དང་གྲངས་འབོར་ཉུང་བའི་དངུལ་བུན་སྤྱད་དེ་བསོད་ནམས་ཚེ་རིང་གིས་ལུག་80དང་འབྲི་གཡག་20བར་རིམ་བཞིན་མང་དུ་བཏང་ཡོད། ན་ནིང་ཁོང་གི་ནང་ཚང་ལ་ནོར་ལུག་གསོ་ཚགས་དང་། རྩྭ་ཐང་བྱ་དགའི་ཁ་གསབ། སྤྱི་ཕན་ལས་གནས་སོགས་ལས་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་རག་ནས་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་2015ལོའི་སྒོར་2100ནས་སྒོར་ཁྲི་2.1བར་འཕར་ཡོད།
    ད་ཆ་བསོད་ནམས་ཚེ་རིང་ནང་ཚང་སྡོད་སའི་ཁང་པ་ཐོག་གཅིག་མ་དེའི་ནང་བོད་བཟོའི་ཁ་གདན་བཏིང་ཡོད་པ་དང་། ཁྱིམ་སྤྱོད་གློག་ཆས་གང་དགོས་ཅི་དགོས་ཡོད་ལ་སྒོ་ར་ཡོངས་སུ་ཉི་འོད་རབ་ཏུ་འཕྲོ་བཞིན་ཡོད།
    “དཀའ་ལས་བརྒྱབ་ན་བདེ་སྐྱིད་ལས་ཀྱིས་ཡོང”ཞེས་པའི་དཔེ་ལྟར། བསོད་ནམས་ཚེ་རིང་གིས་དཀའ་སྤྱད་འབད་བརྩོན་ལྷོད་མེད་བྱས་པར་བརྟེན། དབུལ་སྒྲོལ་ཕྱུག་འགྱུར་བྱུང་ནས་བསོད་ནམས་ཚེ་རིང་2019ལོར་འོམ་ཆུ་གྲོང་རྡལ་གྱི“ཕུལ་བྱུང་གུང་ཁྲན་ཏང་ཡོན”ལ་བདམས། གཟི་བརྗིད་མཚན་སྙན་ལག་ཁྱེར་དེ་ཁོང་ཁྱིམ་གི་ཚོམས་ཆེན་དུ་ལྷག་པར་མངོན་གསལ་དོད། “ཏང་གི་སྲིད་ཇུས་བཟང་པོ་ལས་ང་ཚོ་འབྲོག་པའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་སོང”ཞེས་བཤད།
    དཀོན་ལོ་ཚང་གོང་མ་གྲོང་ཚོར་སྐྱོད་སྐབས་ཁྱིམ་ཚང་ཚང་མས་དེང་རབས་ཀྱི་གསང་སྤྱོད་སྤྱོད་ཀྱི་ཡོད་པ་དང་རླངས་འཁོར་སྒོ་འགྲམ་དུ་སྐྱོད་ཐུབ་ཀྱི་ཡོད་པ་རེད། རྒྱང་རིང་དུ་ཡོད་པའི་སྔོ་ཐིང་ཐིང་གི་རྩྭ་ཐང་དང་སེར་སྐྱའི་མདོག་གི་འབྲོག་པའི་སྡོད་ཁང་600ལྷག་ཙམ་ལས་ཚོན་མདངས་རྣམ་པར་བཀྲ་བའི་རི་མོ་ཞིག་གྲུབ་ཡོད།
    གྲོང་ཚོའི་རྐང་རྩེད་སྤོ་ལོའི་ཐང་དུ་ཕྲུ་གུ་ཚོ་དགའ་དགའ་སྤྲོ་སྤྲོའི་ངང་རྩེད་མོ་རྩེ་བཞིན་ཡོད། གྲོང་ཚོའི་ཉེ་འགྲམ་དུ་གསར་དུ་བསྐྲུན་པའི“གངས་རི་མེ་ཏོག་ཡུལ་སྐོར་སྤྲོ་གསེང་གྲོང་ཚོའི”ནང་གུར་སྟར་པ་ཕུབ་ཡོད་པ་དང་གཞན་ཡང་བོད་བཟོའི“ཤིང་ཁང་ཆུང་ཆུང”སྟར་པ་20ཡོད་པས་ཡུལ་སྐོར་བས་རྩྭ་ཐང་གི་འབྲོག་པའི་འཚོ་བ་མྱོང་རོལ་གང་ལེགས་ཐུབ་ཀྱི་ཡོད།
    “ད་ཆ་གྲོང་ཚོར་ནོར་ལུག་གསོ་ཚགས་དང་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་ཆེན་པོ་གཉིས་འཕེལ་རྒྱས་བཏང་བས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ན་ནིང་སྒོར་ཁྲི་36ཟིན་པ་དང་དབུལ་སྒྲོལ་དུད་ཚང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་7678ཟིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་གྲོང་ཚོར་ཕེབས་པས་ཚང་མས་མཛེས་སྡུག་ལྡན་པའི་འཚོ་བར་དེ་བས་ཡིད་ཆེས་ཀྱིས་ཁེངས་པ་དང་འབྱུང་འགྱུར་དེ་བས་ལེགས་པ་ཡོང་བའི་ཡིད་ཆེས་ཆེན་པོ་བྱེད་ཀྱི་འདུག”ཅེས་དཀོན་ལོ་ཚང་གོང་མ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཚེ་བརྟན་གྱིས་ངོ་སྤྲོད་བྱས།
    རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཤུགས་ཆེན་ཕྱིན་པ་དང་། ཐོན་ལས་འཕེལ་རྒྱས་བརྟན་པོ་བྱུང་བ། འབྲོག་པའི་གཞིས་ཆགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་ཞིང་། ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་མཚོ་སྔོན་ཞིང་ཆེན་དུ་རིམ་རྩིས་བྱས་ན། བསོད་ནམས་ཚེ་རིང་དང་འདྲ་བའི་འབྲོག་པ་ཁྲི་50ལྷག་ཙམ་རྫོང་གྲོང་ངམ་ཡང་ན་གྲོང་རྡལ་དུ་གཞིས་ཆགས་ཡོད། མཚོ་སྔོན་གྱི་བོད་འབྲེལ་ས་ཁུལ་གྱི་2020ལོའི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.2ཟིན་པ་དེ་2015ལོ་ལས་74%འཕར་བ་དང་། གྲོང་ཚོ་དབུལ་པོ་661ཚང་མ་དབུལ་ཞྭ་ཕུད་པ། མི་འབོར་དབུལ་པོ་ཁྲི་25.7ཚང་མ་དབུལ་སྒྲོལ་ཐུབ་ཡོད།
    མིག་སྔར། བསོད་ནམས་ཚེ་རིང་གི་ཚ་མོ་དོན་གྲུབ་མཚོ་འོམ་ཆུ་གྲོང་རྡལ་ཞག་སྡོད་ལམ་ལུགས་སློབ་ཆུང་དུ་ལོ་རིམ་དང་པོ་འགྲིམ་བཞིན་ཡོད། ནར་སོན་རྗེས་དགེ་རྒན་ཞིག་བྱེད་འདོད་པའི་ལོ་8ལ་སླེབས་པའི་བུ་མོ་དེས“ང་པེ་ཅིང་དུ་གནམ་བདེ་སྒོ་མོ་དང་རྒྱལ་དར་སྒྲེང་བའི་རྣམ་པར་ལྟ་བར་འགྲོ་འདོད་ཆེན་པོ་འདུག”ཅེས་རེ་བས་ཁེངས་བཞིན་དུ་བཤད།