འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་10ཉིན།

༄༅།།ཡར་ལངས་ཞིང་བྲན་སྤེན་ཆུང་གི་མི་ཚེའི་དམིགས་ཚད་གསར་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་10ཉིན། 08:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
བོད་ལྗོངས་འབྲོང་པ་རྗོང་དུ་སྤེན་ཆུང་གིས་རང་ཉིད་ཀྱི་གཟེངས་བསྟོད་ལག་ཁྱེར་སྒྲིག་བཞིན་པ།
བོད་ལྗོངས་འབྲོང་པ་རྗོང་དུ་སྤེན་ཆུང་གིས་རང་ཉིད་ཀྱི་གཟེངས་བསྟོད་ལག་ཁྱེར་སྒྲིག་བཞིན་པ།
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་6ཚེས་5ཉིན་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་འབྲོང་པ་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་ཞིང་། ཟླ་དྲུག་པར་སླེབས་ཀྱང་གྲང་རླུང་འུར་འུར་དུ་ལྡང་བཞིན་ཡོད།
     ཐང་སྡེར་སློབ་ཁང་དུ་བྱས་ཤིང་རང་ཉིད་ཀྱི་མྱོང་བ་དངོས་བསླབ་གཞིར་བྱས། བོད་ལྗོངས་བྲག་གདོང་ཆེད་དོན་ཨུ་ལྷན་གྱི་རྗེས་ཤུལ་མདུན་དུ་ལོ་71ལ་སླེབས་པའི་ཏང་ཡོན་རྒན་གྲས་སྤེན་ཆུང་གིས་གྲང་རླུང་འུར་འུར་དུ་ལྡང་བར་མ་བལྟོས་པར་ཏང་གི་ལོ་རྒྱུས་དང་། རྒྱལ་ཁབ་ཀྱི་ལོ་རྒྱུས། བོད་བཅིངས་འགྲོལ་གྱི་ལོ་རྒྱུས་བཅས་ཆུ་རྒྱུག་རྒྱུག་ངང་གླེང་བཞིན་ཡོད་ལ། རང་ཉིད་ཀྱི་ཡར་ལངས་ཀྱི་མྱོང་བ་དངོས་དང་འབད་འཐབ་ཀྱི་བརྒྱུད་རིམ་ཡང་དྲན་གསོ་བྱེད་བཞིན་མཆིས། “འབྲོག་ཁུལ་གྱི་ཆ་རྐྱེན་ཞན་པས་རྟག་ཏུ་ས་སྟེང་དུ་བསྡད་ནས་སྒྲོག་འགྲེལ་བྱེད་དགོས་ཀྱི་ཡོད”ཅེས་ཁོང་གིས་བཤད།
     ལས་ཁུངས་དང་། གྲོང་ཁྱེར་དང་གྲོང་རྡལ། སློབ་གྲྭ་བཅས་སུ་སྐྱོད་པའི་སྒྲོག་འགྲེལ་བྱེད་སྟངས་འདི་བགྲེས་སོང་སྤེན་ཆུང་གིས་ལོ་7ལྷག་ཙམ་རྒྱུན་འཁྱོངས་བྱས་ཡོད།
     “ང་ནི་1973ལོར་ཏང་ལ་ཞུགས་པའི་ཏང་ཡོན་རྒན་གྲས་ཤིག་ཡིན། དུས་རབས་གསར་པར་སླེབས་རྗེས་ཏང་གི་སྲིད་ཇུས་སྒྲོག་འགྲེལ་བྱེད་མཁན་ཡག་པོ་ཞིག་བྱ་རྒྱུ་ཡིན”ཞེས་སྤེན་ཆུང་གིས་བཤད།
     2014ལོར་སྤེན་ཆུང་གིས་འཚང་ཁ་ཤིག་ཤིག་ངང་མིང་ཐོ་བཀོད་པ་བརྒྱུད།“འབྲོང་པའི་སྒྲོག་འགྲེལ་ཚོགས་པའི”སྒྲོག་འགྲེལ་པ་ཞིག་ལ་གྱུར་ནས་རྫོང་ཡོངས་སུ་ཏང་གི་ལོ་རྒྱུས་སོགས་སློབ་གསོ་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་ཡོད། ད་ཆ་ཁོང་གིས་འབྲོང་པ་རྫོང་གི་ཤང་དང་གྲོང་རྡལ་13གྱི་སྲིད་འཛིན་གྲོང་ཚོ་58ལ་སྒྲོག་འགྲེལ་བྱེད་པར་འགྲོ་གི་ཡོད།
     ཁུག་མ་གཅིག་དང་། སྦག་སྦག་གཅིག གཟི་བརྗིད་ལག་ཁྱེར་མང་པོ་བླུགས་པའི་ལྕགས་སྒམ་བཅས་ནི་ཁོང་གི་ལག་ཆ་ཆ་ཚང་རེད། “སྒྲོག་འགྲེལ་གྱི་ནང་དོན་གཙོ་བོ་འདིར་ཡོད”ཅེས་ཡ་ཁུང་ལ་མཛུབ་མོ་འཛུགས་བཞིན་དཀའ་སྡུག་ཆེ་བའི་ཁྱིམ་ཚང་གི་ལོ་རྒྱུས་ཤིག་གླེང་འགོ་བཙུགས།
     “ཏང་གིས་ང་ཚོར་འཚོ་བ་གསར་པ་གནང་བྱུང”ཞེས་སྤེན་ཆུང་གིས་བཤད།
     སྤེན་ཆུང་སྐྱེས་དུས་ནས་ཞིང་བྲན་ཡིན་པ་དང་ལོ་9ལ་སླེབས་རྗེས་གཞི་ནས་ཞིང་བྲན་གྱི་འཚོ་བ་སྐྱེལ་མཇུག་འགྲིལ། ཕྱིར་མིག་ལྟ་མི་ཕོད་པའི་ལོ་ཟླ་དེའི་ནང་ཁོང་ཚོའི་ཁྱིམ་ཚང་གི་ནང་མི་ཚང་མས་གོས་ཀྱིས་ལུས་པོ་མི་དྲོད་པ་དང་ལྟོས་གྲོད་པ་མི་རྒྱགས་པའི་འཚོ་བ་སྐྱེལ་བ་དང་ལས་ཀར་སྒྱིད་ལུག་ཕྲན་ཙམ་བྱས་ན་མངའ་བདག་གི་ལྕག་ཚན་གཟེད་དགོས་པ་སོགས་རེད།
     བྱིས་དུས་ཀྱི་དྲན་ཤེས་སྤེན་ཆུང་གིས་ཚེ་གང་བརྗེད་མི་སྲིད། ད་ཆ་སྒྲོག་འགྲེལ་བྱེད་རིམ་བཞིན་ཁོང་གིས་བཟོད་པར་དཀའ་བའི་སྡུག་བསྔལ་དེ་དག་བརྗོད་ཀྱི་ཡོད།
     1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་སྤེན་ཆུང་གི་ཁྱིམ་ཚང་ལ་ནོར་ལུག་སོགས་ཐོན་སྐྱེད་རྒྱུ་ཆ་རག་ནས་འཚོ་བ་རིམ་བཞིན་ཇེ་ལེགས་སུ་སོང་། ཚེ་སྲོག་གསར་པ་ཐོབ་པའི་སྤེན་ཆུང་གིས་རྗེས་སུ་མིང་ཐོ་བཀོད་ནས་དམག་དཔུང་ནང་ཞུགས་པ་མ་ཟད། 1973ལོར་ཁོངས་གཏོགས་ཀྱི་ལན་ཤོག་ཏུ་ཏང་ལ་ཞུགས་ནས་མཐའ་མཚམས་ཀྱི་འཐབ་ས་མདུན་མར་ཁྱིམ་སྲུང་རྒྱལ་སྐྱོབ་བྱས། 
     ལོ་10ཡི་དམག་དཔུང་གི་འཚོ་བའི་ཁྲོད་སྤེན་ཆུང་གིས་ད་དུང་འཐབ་གྲོགས་ཚོ་དང་མཉམ་དུ་རྒྱ་ཡིག་སྦྱངས་པ་དང་རྒྱ་སྐད་ཀྱང་ཤེས། ཕྱིས་སུ་དམག་ཞབས་ཐིམ་ནས་དངུལ་ཁང་དུ་ལས་བགོས་བརྒྱབ་པ་དང་རྒན་ཡོལ་མ་ཞུས་བར་ཧུར་བརྩོན་ཆེར་སྐྱེད་ཀྱིས་ལས་ཀ་བྱས།
     ད་ཆ་རྒན་ཡོལ་ཞུས་ནས་ལོ་20ཙམ་སོང་མོད། འོན་ཀྱང་སྤེན་ཆུང་གིས་རྟག་ཏུ་ཏང་གི་ལོ་རྒྱུས་བསླབ་གཞི་དང་དཔེ་དེབ་གཞན་དག་ཉོ་ཡི་ཡོད་པ་མ་ཟད། ད་དུང་སློབ་དེབ་ཀྱི་ནང་དོན་མི་སེར་ཚོར་གླེང་གི་ཡོད། ཉེ་ལམ་ཁོང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་གང་མགྱོགས་སྦྱངས་ནས་བསླབ་གཞིའི་ནང་དོན་དུད་ཚང་དུ་སྒྲོག་འགྲེལ་བྱེད་པར་བསྐྱོད་ཡོད།
     “ང་ལོ་70ལྷག་ཙམ་ལ་སླེབས་ཀྱི་ཡོད། འོན་ཀྱང་རྩ་འཛུགས་ཀྱིས་ང་གང་དུ་བཏང་ཚེ་དེ་གར་འགྲོ་གི་ཡིན། ཏང་གི་བཀོད་འདོམས་ཚང་མ་དང་ལེན་ཞུ་རྒྱུ་ཡིན། ང་ནི་ཏང་ཡོན་ཞིག་ཡིན་པས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུའི་དམ་བཅའ་འཇོག་རྒྱུ་ཡིན”ཞེས་ཁོང་གིས་བྲང་སྟེང་དུ་བཏགས་པའི་ཏང་རྟགས་ལ་མཛུབ་མོ་འཛུགས་བཞིན་བཤད།
     ཏང་གི་འོད་ཟེར་མཐའ་མཚམས་སུ་འཕྲོས་པ་དང་མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས།
     ས་བབ་མཐོ་བའི་འབྲོག་ལས་རྫོང་ཞིག་ཡིན་པའི་འབྲོང་པར་ཕུན་སུམ་ཚོགས་པའི་རྩྭ་རའི་ཐོན་ཁུངས་ཡོད་པ་དང་། ས་གནས་དེ་གའི་མི་སེར་ཚོས་མི་རབས་ནས་མི་རབས་བར་འབྲོག་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད།
     དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཡོང་འབབ་མང་དུ་གཏོང་བ་དང་འཚོ་བ་ལེགས་སུ་གཏོང་ཆེད། གྲོང་མིས་ཕྱུགས་རིགས་གསོ་ཚགས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། ས་གནས་དེ་གའི་སྣོད་བཅུད་ལ་སྐབས་ཤིག་རིང་གནོན་ཤུགས་ཆེན་པོ་འཕྲད་ཡོད།
     སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། སྤེན་ཆུང་གིས་ཕྱོགས་གཅིག་ནས་རྩྭ་འདེབས་རྒྱུའི་སྐུལ་ལྕག་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཕྱུགས་རིགས་ཀྱི་གྲངས་འབོར་ཉུང་དུ་གཏོང་རྒྱུའི་སྣེ་ཁྲིད་ཀྱང་བྱས་ཤིང་། མིག་སྔར་ཁོང་ཚོའི་ཁྱིམ་གྱི་ནོར་མགོ་གྲངས་90བར་ཉུང་དུ་བཏང་བ་དང་ལུག་ཀྱང་13ལས་མེད། “གལ་ཏེ་ཚང་མས་གསོ་ཚགས་ཀྱི་གཞི་ཁྱོན་ཆེ་རུ་བཏང་ཚེ་ཕ་ཡུལ་གྱི་རི་སྔོན་གནམ་དྭངས་དེ་བྱེ་རྡུལ་གང་སར་འཕྱུར་རྒྱུ་ལས་མ་འདས”ཞེས་པ་དེ་ནི་ཁོང་གིས་སྒྲོག་འགྲེལ་བྱེད་རིམ་བཞིན་ཤོད་པའི་ནང་དོན་ཞིག་རེད།
     ཕྱུགས་རིགས་ཉུང་གཏོང་གི་བརྒྱུད་རིམ་ཁྲོད་ཡོང་འབབ་ཉུང་དུ་ཕྱིན་སྟབས། སྤེན་ཆུང་གིས་ནང་མིར་བསམ་བློའི་སློབ་གསོ་མང་པོ་བརྒྱབ་ཅིང་། ཁོང་གིས་ཁྱིམ་ཚང་ཚོགས་འདུའི་ཐོག་ད་ཆ་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཡག་པོ་འདུག ཁྱིམ་ཚང་ལ་ལོ་ལྟར་རྩྭ་རའི་ཁ་གསབ་དང་མཐའ་མཚམས་མི་སེར་གྱི་ཁ་གསབ་ལེན་རྒྱུ་ཡོད་པའི་ཐོག་ང་ལ་ལོ་60ཡན་གྱི་རྒན་རྒོན་གྱི་ཁ་གསབ་ཀྱང་ལེན་རྒྱུ་ཡོད་པས་འཚོ་བ་ཧ་ཅང་སྐྱིད་པོ་རེད་ཅེས་བཤད།
     མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་རྣམ་གྲངས་འཛུགས་སྐྲུན་གྱི་བོད་བཟོའི་སྡོད་ཁང་ནང་སྤེན་ཆུང་ནང་མི་ཚོས་ཐབ་ཀྱི་འགྲམ་དུ་བསྡད་ནས་ཅི་འཕྲོས་མོལ་འཕྲོས་ཤོད་པའི་དགོད་སྒྲ་ལྷང་ལྷང་དུ་ཐོས་འོང་། རྒན་ཡོལ་ཞུས་རྗེས་སྤེན་ཆུང་གིས་སྔ་རྗེས་སུ་ཁྱིམ་ཚང་ཐེངས་4ཙམ་སྤོས་ཡོད། ཁོང་གིས་སྡོད་ཁང་གསར་པ་དེ་ལས་རང་ཉིད་ལ་དྲོ་སྐྱིད་ཀྱི་ཚོར་སྣང་ཞིག་བྱུང་ཞེས་བཤད།
     “སྡོད་ཁང་ནི་རྒྱལ་ཁབ་ཀྱིས་རིན་མེད་ངང་བརྒྱབ་པ་རེད། ད་ཆ་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་འགྲོ་ཡི་འདུག མཐའ་མཚམས་ཀྱི་མི་སེར་ཡིན་པའི་ང་ཚོས་བདེ་བདེ་ལྷོད་ལྷོད་ངང་མཐའ་མཚམས་སྲུང་སྐྱོང་ཡག་པོ་བྱེད་དགོས། ཏང་གི་སྲིད་ཇུས་ཀྱི་ཕན་པ་ཐོབ་མཁན་ཞིག་ཡིན་པའི་ངས་ཏང་གི་ལོ་རྒྱུས་སྒྲོག་འགྲེལ་ཡག་པོ་བྱ་རྒྱུ་ཡིན”ཞེས་སྤེན་ཆུང་གིས་བཤད།
     ཉིན་དགུང་གི་མཚམས་སུ་ས་མཐོའི་ཉི་འོད་ལྷག་པར་དྲོལ། སྤེན་ཆུང་གི་བྲང་སྟེང་དུ་བཏགས་པའི་ཏང་རྟགས་ལས་འོད་མདངས་དམར་ལྷམ་ལྷམ་འཕྲོ།