འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་12ཉིན།

༄༅།།རི་མཐོའི་ལམ་སྣེ་འཁྲིད་མཁན་མཱ་ཀུའེ་ཁྲེང་གིས་འགན་འཁྲི་ལེགས་པར་ཁུར་ནས་མི་མང་པོའི་རི་འཛེག་ཕུགས་འདུན་འགྲུབ་རོགས་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་12ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། མིག་མདུན་གྱི་ངོ་གདོང་དམར་སྨུག་ཏུ་གྱུར་པའི་རི་མཐོའི་ལམ་སྣེ་འཁྲིད་མཁན་དེའི་ཆ་བྱད་ཅུང་དགོད་བྲོ་བ་ཞིག་འདུག་ལ། ལོ་འཁོར་མོར་རི་མཐོ་པོར་འཛེགས་པས་ཁོང་གི་ངོ་གདོང་ཉི་མས་འཚིགས་པ་དང་། ལན་བུ་གཉིས་བསྒར་བའི་ཨུ་སུག་ཞྭ་མོ་ཁྲ་ཁྲ་ཞིག་གྱོན་པས་མི་ཚོགས་ཁྲོད་ནས་ལམ་སེང་མཐོང་ཐུབ།
     ཁོང་གི་མིང་ལ་མཱ་ཀུའེ་ཁྲེང་ཟེར་བ་དང་འདི་ལོར་ལོ་36ཡིན་ཞིང་། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་བཙན་ལྷ་རྫོང་ནས་རེད། རི་མཐོའི་ལམ་སྣེ་འཁྲིད་མཁན་བྱས་ནས་ལོ་10འགྲོ་ཡི་ཡོད། ཉེ་དུས་མཚོ་སྔོན་དུ་གཉེར་བའི་2021ལོའི་མཚོ་སྔོན་ཡུལ་ཤུལ་དང་གོར་མོའི་གཡུ་འབྲུག་ལྷ་རྩེའི་རི་འཛེག་འདུ་ཚོགས་ཆེན་པོར་ཁོང་དང་ལམ་སྣེ་འཁྲིད་མཁན་གཞན་དག་གིས་བྱེས་ལ་དགའ་ཞེན་ཆེ་བའི་མི་བརྒྱ་ཙམ་གྱི་རི་འཛེག་ཕུགས་འདུན་འགྲུབ་རོགས་བྱས་ཡོད།
     མཱ་ཀུའེ་ཁྲེང་གིས་རི་མཐོའི་ལམ་སྣེ་འཁྲིད་མཁན་ནི་རྩལ་ཁྲིད་པ་ཙམ་མིན་པར་ད་དུང་ཁོར་ཡུག་སྲུང་སྐྱོང་བ་དང་ཉེན་ཁ་སེལ་མཁན་གྱི་བཀོད་འདོམས་པ་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
     གཡུ་འབྲུག་ལྷ་རྩེའི་མཐོ་ཚད་ལ་སྨི་6178ཟིན་པ་དང་དེ་ནི་ཁུ་ནུ་རི་བོའི་ཤར་རྒྱུད་ཀྱི་རི་བོ་མཐོ་ཤོས་དེ་རེད་ལ། རི་བོ་ཐོག་མར་འཛེག་སྟངས་སྦྱོང་བ་དང་རིམ་གྱིས་འཛེག་སའི་དཀའ་ཁག་ཆེ་རུ་གཏོང་ས་ལེགས་པོ་ཞིག་ཀྱང་རེད་ལ། ཀྲུང་གོའི་དམངས་ཁྲོད་ཀྱི་རི་འཛེག་ལུས་རྩལ་དར་ས་ཞིག་ཀྱང་ཡིན་པས། མི་མང་པོས་གཡུ་འབྲུག་ལྷ་རྩེར“མི་ཚེའི་རི་འཛེག་པའི་གངས་རི་དང་པོ”ཞེས་འབོད་ཀྱི་ཡོད།
     མཐོ་ཚད་ལ་སྨི་6000ལྷག་ཙམ་ཟིན་པས། ཐོག་མར་ས་མཐོར་ཡོང་མཁན་ཚོར་་གངས་རི་མཐོང་བ་ཙམ་གྱིས་དངངས་སྐྲག་སྐྱེ་ཡི་ཡོད་ཀྱང་། མཱ་ཀུའེ་ཁྲེང་གི་ངོས་ནས་བརྗོད་ན་དེ་ནི་རྒྱུན་གཏན་ཞིག་རེད།
     ཆུང་དུས་ནས་རི་ཁྲོད་དུ་འཚར་ལོངས་བྱུང་བའི་མཱ་ཀུའེ་ཁྲེང་ནི་རང་བྱུང་ཁམས་ལ་བཅོས་མིན་གྱི་བརྩེ་བ་ཞིག་འཆང་ཡོད། ལོ་10ཡི་གོང་དུ་སྟེས་དབང་གིས་ཁོང་རི་མཐོའི་ལམ་སྣེ་འཁྲིད་མཁན་དུ་གྱུར་ཅིང་། སི་ཁྲོན་གྱི་ཁྲོ་ལ་དང་ཤིན་ཅང་གི་རི་བོ་མུའུ་ཧྲི་ཐཱ་ཀེདེ་བཞིན་བོད་ཀྱི་སྐད་གྲགས་དེ་ཙམ་མེད་པའི་གངས་རི་མང་པོ་འཛེག་མྱོང་ཡོད་པ་རེད།
     “རི་མཐོའི་ལམ་སྣེ་འཁྲིད་མཁན་ནི་དཀའ་ཚེགས་དང་འགྲན་སློང་ཆེ་བའི་ལས་ཀ་ཞིག་ཡིན་པས། ང་ཚོར་རི་འཛེག་ཡོ་ཆས་སྤྱོད་པའི་ལག་རྩལ་ཡག་པོ་དང་གཟུགས་པོའི་བྱང་ཚད་ཡག་པོ་དགོས། རི་འཛེག་མཁན་ཚོས་ཚེ་སྲོག་ང་ཚོར་བཅོལ་བས། ལམ་སྣེ་འཁྲིད་མཁན་གྱི་ངོས་ནས། ང་ཚོས་ཐོག་མཐའ་བར་གསུམ་དུ་བདེ་འཇགས་དང་འགན་འཁྲི་ཕྲག་ཏུ་འཁུར་དགོས”ཞེས་མཱ་ཀུའེ་ཁྲེང་གིས་བརྗོད།
     ལོ་རབས་དགུ་བཅུ་པའི་ནང་སྐྱེས་ཀྱི་རི་མཐོའི་ལམ་སྣེ་འཁྲིད་མཁན་མཱ་ཀུའེ་ཅན་ནི་མཱ་ཀུའེ་ཁྲེང་གི་སྤུན་ཕྲུག་གཅུང་པོ་ཡིན་པ་དང་ཁོང་གིས་རི་མཐོའི་ལམ་སྣེ་འཁྲིད་མཁན་རྒན་རབས་ཚོ་དང་མཉམ་དུ་བསྐྱོད་ན་སེམས་པ་ལྷོད་ཤིག་ཤིག་འདུག་ཅེས་བརྗོད།
     “ང་ཚོས་སྤྱིར་ན་ལམ་སྣེ་འཁྲིད་མཁན་གཅིག་གིས་རི་འཛེག་མཁན་རེ་འཁྲིད་ཀྱི་ཡོད། རི་མཐོའི་ལྷམ་གྱོན་སྟངས་ནས་བདེ་འཇགས་ཐག་པ་སྤྱོད་སྟངས་ཀྱི་ལྷུ་ཚིགས་གང་ལའང་ལྷོད་གཡེང་གཏོང་ནུས་ཀྱི་མི་འདུག ལམ་སྣེ་འཁྲིད་མཁན་རྒན་རབས་ཚོ་ཉམས་མྱོང་ཕུན་སུམ་ཚོགས་པས་ཁོང་ཚོའི་མིག་གི་ལྟ་ཕྱོགས་གཅིག་ལས་ང་ཚོས་གང་ལ་དོ་སྣང་བྱེད་དགོས་མིན་ལམ་སེང་ཧ་གོ་ཐུབ”ཅེས་མཱ་ཀུའེ་ཅན་གྱིས་བརྗོད།
     རི་སྟེང་དུ་ཡུན་རིང་པོ་བསྡད་པས་རི་མཐོའི་ལམ་སྣེ་འཁྲིད་མཁན་ཚོས་རི་འཛེག་མཁན་གྱི་འགུལ་སྐྱོད་རེ་རེ་ལས་ཁོ་ཚོའི་གཟུགས་པོའི་གནས་ཚུལ་ཤེས་ཐུབ།
     མཱ་ཀུའེ་ཁྲེང་གིས་མཐོ་ཚད་སྨི་6000ལས་བརྒལ་ཚེ་རི་འཛེག་མཁན་མང་པོ་ར་བཟི་བ་ལྟར་འཁྱོར་གྱི་ཡོད་པས། དེ་དུས་ང་ཚོས་རི་འཛེག་མཁན་རྣམས་ལ་ལ་དུག་དྲག་པོ་ཕོག་པ་ཤེས་ཐུབ། དགོང་མོར་རི་འཛེག་མཁན་ཁག་གཅིག་ས་བབ་མཐོ་བའི་སྒར་སར་ཉལ་སྐབས་དབུགས་འབྱིན་རྔུབ་དཀའ་བའི་གནས་ཚུལ་འཕྲད་ཀྱི་ཡོད། དེ་དུས་ལམ་སྣེ་འཁྲིད་མཁན་ཚོས་ལམ་སེང་རི་འཛེག་མཁན་རྣམས་རི་གཤམ་དུ་སྐྱེལ་གྱི་ཡོད་ལ། ཁོང་ཚོས་དེ་ནི་ཉེན་ཁ་ཆེ་བའི་གློ་རྒྱས་ཀྱི་ནད་རྟགས་ཡིན་པ་གསལ་པོར་ཤེས་ཡོད་ཅེས་བརྗོད།
     “ས་བབ་མཐོ་ཞིང་གསོ་རླུང་དཀོན་པའི་གངས་རིར་ཆམ་པ་ཕྲན་ཙམ་ཕོག་ནའང་སྲོག་ལ་ཉེན་ཁ་འཕྲད་སྲིད”ཅེས་མཱ་ཀུའེ་ཁྲེང་གིས་བརྗོད།
     “དཀའ་ལས་འདུག་ལ་སྐྱིད་པོའང་འདུག” ཐང་སྟོང་སྐྱ་མོར་ཉིན་ལྟར་རི་བོ་གྲོགས་སུ་སྟེན་དགོས་པའི་ལམ་སྣེ་འཁྲིད་མཁན་ཚོས་ཡུལ་པོ་མི་ཡོང་བའི་ཆེད་སྤྲོ་སྣང་སྣ་ཚོགས་འཚོལ་གྱི་ཡོད།
     མཐོ་ཚད་ལ་སྨི་5050ཟིན་པའི་གཡུ་འབྲུག་ལྷ་རྩེའི་སྒར་ས་ཆེན་པོར་གསར་འགོད་པས་ཆོབ་ཚ་བའི་གནས་ཚུལ་ཞིག་མཐོང་བ་སྟེ། དངོས་རྫས་ཁ་གསབ་བྱེད་དགོས་པས་རུ་ཁག་གི་ལམ་སྣེ་འཁྲིད་མཁན་གཉིས་ལས་གཅིག་རི་གཤམ་དུ་དངོས་རྫས་ལེན་པར་སྐྱོད་དགོས་ཀྱི་ཡོད། རི་སྟེང་དུ་བསྡད་དྲཌ་པའི་རུ་མི་ཚང་མས་རྩ་ཆེའི་གོ་སྐབས་དེ་འཐོབ་འདོད་བྱེད། ད་འོ་ན་སུ་དངོས་རྫས་ལེན་པར་མངག་གམ། མཐར་ཚང་མས་སྤྱོད་གཅིག་མའི་ཁོའེ་ཙེ་རིང་ཐུང་མི་འདྲ་བ་བཟོས་ནས་རིང་ཤོས་འདེམས་མཁན་དེར་རི་ལས་འབབ་པའི་གོ་སྐབས་རྩ་ཆེན་སྤྲད་པ་རེད། མཱ་ཀུའེ་ཁྲེང་གིས་སྐབས་རེ་ཁོ་ཚོས་ཏག་སེ་འཐེན་ཏེ་ཆེ་ཆུང་ལ་གཞིགས་ནས་རུ་མི་སུ་རི་ལས་འབབ་དགོས་མིན་ཐག་གཅོད་ཀྱི་ཡོད་ཅེས་བརྗོད།
     གྲོང་ཁྱེར་གྱི་འདུ་འཛི་ལས་རིང་དུ་གྱེས་པས། མི་དང་མིའི་དབར་གྱི་བརྩེ་བའང་བཅོས་མིན་ལྷད་མེད་ཅིག་ཆགས་ཤིང་། དུས་ཐུང་ཉིན་ཤས་མཉམ་དུ་གཤིབས་པ་ལས་རི་མཐོའི་ལམ་སྣེ་འཁྲིད་མཁན་དང་རི་འཛེག་མཁན་རྣམས་གྲོགས་པོ་བློས་ཐུབ་ལ་གྱུར་ནས། ཁ་གྱེས་སྐབས་ཡིད་སེམས་རབ་ཏུ་འཕྲེང་ནས་མིག་ཆུའང་ཤོར་གྱི་ཡོད།