འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་10ཉིན།

༄༅།།ཞིང་ལས་གྲོང་གསེབ་པུས་དངུལ་རྩའི་སྒྲིག་གཞི་དང་མཉམ་འབྲེལ་གྱིས། དངུལ་རྩས་ཞིང་གསུམ་ལ་
ཞབས་འདེགས་ཞུ་སྟངས་ཚོད་ལྟ་བྱེད་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་10ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཞིང་ལས་གྲོང་གསེབ་པུའུ་དང་རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱིས་ཞིང་ལས་འཕེལ་རྒྱས་དངུལ་ཁང་དང་། ཞིང་ལས་དངུལ་ཁང་། འཛུགས་སྐྲུན་དངུལ་ཁང་། སྦྲག་སྲིད་གསོག་འཇོག་དངུལ་ཁང་། རྒྱལ་ཁབ་ཞིང་ལས་ཡིད་རྟོན་དངུལ་བུན་ཁག་ཐེག་མནའ་འབྲེལ་ཚད་ཡོད་འགན་འཁྲི་ཀུང་སི་བཅས་དང་མཉམ་དུ་རྒྱལ་ཡོངས་ཀྱི་དངུལ་རྩས་ཞིང་གསུམ་ལ་ཞབས་འདེགས་ཞུ་བའི་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག《སྤྱི་ཚོགས་ཀྱི་མ་རྩ་ཞིང་ལས་དང་གྲོང་གསེབ་ལ་གཏོང་བའི་མཛུབ་ཁྲིད(2021ལོ)》ཁྱབ་བསྒྲགས་བྱས་ཏེ་ཞིང་པའི་བྱེད་པོའི་གནས་བབ་ལ་བརྩི་འཇོག་བྱེད་རྒྱུ་མཐའ་འཁྱོངས་དང་ཞིང་པའི་རྩ་བའི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་བྱས་ཤིང་། སྤྱི་ཚོགས་ཀྱི་མ་རྩ་དེང་རབས་འདེབས་གསོའི་ལས་རིགས་དང་། ཞིང་ལས་ཐོན་རྫས་ལས་སྣོན་འཁོར་རྒྱུག་ལས་རིགས། གྲོང་གསེབ་ཀྱི་ཞབས་ཞུའི་ལས་རིགས་གསར་པ་སོགས་གཙོ་གནད་ཁྱབ་ཁོངས་13ལ་གཏོང་བའི་ལྕག་སྐུལ་བྱེད་རྒྱུ་དང་། མ་དངུལ་གཏོང་སྟངས་གསར་གཏོད། མཉམ་ལས་ལས་སྟེགས་གཏོད་པ། ཁོར་ཡུག་བཟང་པོ་གཏོད་པ་བཅས་ཀྱི་ཞིབ་ཕྲའི་བྱ་ཐབས་ཁ་གསལ་བཏོན་ཡོད།
    ཐོག་མའི་ཞིབ་རྩིས་བྱས་འབྲས་ལས་མངོན་པར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གྲོང་གསེབ་དར་རྒྱས་ཐད་ཀྱི་མ་འཇོག་ཁྱབ་ཁོངས་ཀྱི་མ་དངུལ་དགོས་མཁོ་དེ“ལོ་ལྔ་ཚན་གསུམ”ལས་ཆེས་ཆེར་འཕར་རྒྱུ་ཡིན་པ་རེད། ཚོགས་འདུའི་ཐོག དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ་དངུལ་རྩའི་སྒྲིག་གཞིས་ཞིང་གསུམ་འཕེལ་རྒྱས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པ་དང་། ཞིང་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་སོགས་ཀྱི་གཙོ་གནད་ལས་འགན་ལ་མངོན་གསལ་དོད་པོས་ཞབས་འདེགས་ཡག་པོ་ཞུ་དགོས། འདི་ལོར་ཞིང་ལས་གྲོང་གསེབ་པུས་ཞིང་ལས་འཕེལ་རྒྱས་དངུལ་ཁང་དང་ཞིང་ལས་དངུལ་ཁང་སོགས་དང་མཉམ་དུ་ཆ་རྐྱེན་ཅུང་འཛོམས་པའི་ཞིང་ཆེན་ཁག་གཅིག་བདམས་ནས་དངུལ་རྩས་ཞིང་གསུམ་ལ་ཞབས་འདེགས་ཞུ་སྟངས་ཚོད་ལྟ་བྱེད་རྒྱུ་ཡིན་པ་བསྟན་ཡོད།
    འདི་ལོ་ནི་གྲོང་གསེབ་འཛུགས་སྐྲུན་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པའི་ལོ་དང་པོ་ཡིན། ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་གྲོང་གསེབ་པུའུ་དང་རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱིས་མིག་སྔར་གསར་སྤེལ་རང་བཞིན་དང་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་དང་མཉམ་འབྲེལ་ཐོག་གྲོང་གསེབ་འཛུགས་སྐྲུན་གྱི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་གནད་དོན་ལ་ཞིབ་འཇུག་བྱེད་རྒྱུ་ཡིན་པ་རེད། ཞིང་ལས་ཐོན་རྫས་ཐོན་ཡུལ་གྱི་གྲང་ཉར་སོས་ཉར་སྒྲིག་བཀོད་འཛུགས་སྐྲུན་ཐད་ན་ནིང་ཞིང་ཆེན་16ལ་ཚོད་ལྟ་བྱས་པ་དང་། འདི་ལོར་ཀྲུང་དབྱང་གིས་ནོར་སྲིད་ཀྱི་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་སྟེ་མ་དངུལ་སྒོར་དུང་ཕྱུར་80བཏང་བ་དང་། ཐོན་སྐྱེད་བྱ་ཡུལ་གྱི“ཐོག་མའི་འགག་གནད”ལ་དམིགས་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཡོད། སླད་ཕྱིན་དུས་སྐབས་ཤིག་རིང་གི་ཞིང་ལས་མ་འཇོག་གི་གཙོ་གནད་ཞིག་ཡིན་པའི་ཆ་ནས། ཞིང་ལས་གྲོང་གསེབ་པུས་དྲ་ཐོག་གི་གྲང་ཉར་སོས་ཉར་རྣམ་གྲངས་ཀྱི་ཆེད་དོན་དངུལ་རྩའི་ཞབས་ཞུའི་ལས་སྟེགས་གསར་སྤེལ་བྱ་རྒྱུ་དང་འབྲེལ། ཞིང་ལས་དངུལ་ཁང་དང་སྦྲག་སྲིད་གསོག་འཇོག་དངུལ་ཁང་སོགས་དང་མཉམ་དུ་ཆེད་གཏོགས་དངུལ་རྩའི་ཐོན་རྫས་ལ་ཞིབ་འཇུག་བྱེད་རྒྱུ་ཡིན་པ་རེད།
    ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་ཁག་གཅིག་གི“མ་དངུལ་བསྡུ་སྒྲིལ་དཀའ་བ་དང་། མ་དངུལ་བསྡུ་སྒྲིལ་གྱི་རིན་གོང་མཐོ་བ། ཉེན་ཁ་ཆེ་བ”བཅས་ཀྱི་གནད་དོན་ལ་དམིགས་ནས་ཉེ་དུས་ཞིང་ལས་གྲོང་གསེབ་པུས་དེ་མཚུངས་ཀྱི་བྱ་ཐབས་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། དེའི་ནང་འབྲེལ་ཡོད་ཡིག་ཆ་བཏོན་ནས“དངུལ་ཁང་དང་། འགན་བཅོལ། ཞིང་ལས་བཅས་མཉམ་འགུལ”འཚོལ་ཞིབ་དང་ཞིང་ལས་གྲོང་གསེབ་པུའི་གྲོང་གསེབ་དངུལ་རྩའི་སྦྲེལ་མཐུད་ལས་སྟེགས་གཏོད་རྒྱུ་སོགས་ཚུད་ཡོད། དངུལ་རྩའི་སྒྲིག་གཞི་ཁག་གིས་དབུལ་སྒྲོལ་དུད་ཚང་དང་དབུལ་སླ་བའི་དུད་ཚང་ལ་མུ་མཐུད་དབུལ་སྒྲོལ་མི་འབོར་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་བཏང་ནས་ཐོན་སྐྱེད་འཕེལ་རྒྱས་དང་གཉེར་སྐྱོང་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད། གཞན་ཡང་། ཟླ་ལྔ་པའི་ཟླ་དཀྱིལ་དུ་ད་དུང་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པའི་ཡིད་རྟོན་དངུལ་བུན་གྱི་ཐད་གཏོང་བྱེད་སྒོ་སྤེལ་ནས་ཁྱིམ་ཚང་ཞིང་ར་དང་ཞིང་པའི་མཉམ་ལས་ཁང་གི་བྱེད་པོ་རིགས་གཉིས་ལ་དམིགས་ཏེ་ཐད་ཀར་ཡིད་རྟོན་དངུལ་བུན་གྱི་དགོས་མཁོ་བདག་སྤྲོད་དང་དངུལ་རྩའི་སྒྲིག་གཞིར་མཐུན་སྦྱོར་བྱས་ནས་ཡིད་རྟོན་དངུལ་བུན་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་རེད།