འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་23ཉིན།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཡིག་ཆ་བཀྲམ། སྨན་བཅོས་འགན་བཅོལ་གྱི་ཐོ་ཁོངས་ལ་
འགྱུར་ལྡོག་གལ་ཆེན་འབྱུང་སྲིད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་23ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་22ཉིན《ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་སྒོ་བསྟེན་སྨན་བཅོས་ཀྱི་མཉམ་སྐྱོབ་འགན་སྲུང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་མཛུབ་ཁྲིད་བསམ་འཆར》(གཤམ་ལ་《མཛུབ་ཁྲིད་བསམ་འཆར》ཞེས་བསྡུ་རྒྱུ།)དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།
   《མཛུབ་ཁྲིད་བསམ་འཆར》ནང་མི་སྒེར་གྱི་ཐོ་ཁོངས་ནི་གཙོ་བོ་འགན་བཅོལ་ནང་ཞུགས་མཁན་གྱིས་གནས་གཏན་འཁེལ་གྱི་སྨན་བཅོས་ལས་ཁུངས་སམ་ཡང་ན་གནས་གཏན་འཁེལ་གྱི་སིལ་ཚོང་སྨན་ཁང་དུ་ཐོན་པའི་སྲིད་ཇུས་ཁྱབ་ཁོངས་ནང་རང་གིས་སྨན་རིན་སྤྲོད་པའི་ཐད་སྤྱོད་རྒྱུ་ཡིན་པ་གསལ་པོར་བསྟན་ཡོད། འགན་བཅོལ་ནང་ཞུགས་མཁན་དང་དེའི་བཟའ་ཟླ་དང་ཕ་མ། བུ་ཕྲུག་བཅས་ཀྱིས་གནས་གཏན་འཁེལ་གྱི་སྨན་བཅོས་ལས་ཁུངས་སུ་སྨན་བཅོས་བྱེད་སྐབས་མི་སྒེར་གྱིས་སྤྲོད་འགན་འཁུར་བའི་སྨན་བཅོས་འགྲོ་གྲོན་དང་དེ་བཞིན་གནས་གཏན་འཁེལ་གྱི་སིལ་ཚོང་སྨན་ཁང་དུ་སྨན་དང་སྨན་བཅོས་ཡོ་བྱད། སྨན་སྤྱོད་ཟད་གྲོན་རྒྱུ་ཆ་བཅས་ཉོས་ནས་མི་སྒེར་གྱིས་སྤྲོད་འགན་འཁུར་དགོས་པའི་འགྲོ་གྲོན་ཐད་ཀྱང་སྤྲོད་ཆོག་གི་ཡོད་པ་རེད། སྒེར་གྱི་ཐོ་ཁོངས་དེ་བཟའ་ཟླ་དང་ཕ་མ། བུ་ཕྲུག་བཅས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩིའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་སོགས་ཀྱི་འགྲོ་གྲོན་འཇལ་རྒྱུར་སྤྲོད་པའི་འཚོལ་ཞིབ་བྱེད་དགོས།
   《མཛུབ་ཁྲིད་བསམ་འཆར》ནང་། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ཁག་གིས་2021ལོའི་ཟླ་12པའི་ཟླ་མཇུག་གོང་ལག་བསྟར་བྱ་ཐབས་བཏོན་ནས། གཅིག་གྱུར་འཆར་འགོད་ས་ཁུལ་ཁག་གིས་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུར་མཛུབ་ཁྲིད་བྱས་ཤིང་། ལོ་3ཙམ་གྱི་བར་བརྒལ་དུས་ཚོད་བཀོད་སྒྲིག་བྱས་ཏེ་སྒྱུར་བཅོས་ཀྱི་དམིགས་ཚད་རིམ་བཞིན་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།