འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་23ཉིན།

༄༅།།འཕེལ་རྒྱས་ཀྱི་ཉི་འོད་གྲུ་ཟུར་ཀུན་ལ་ཁྱབ།

—— གཞི་རྩའི་སྤྱི་པའི་ཞབས་ཞུར་བརྟེན་ནས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དང་། གྲངས་ཉུང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ཀྱི་མང་ཚོགས་ལ་དྲོ་སྐྱིད་སྦྱིན་པའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་23ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱིས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དང་། གྲངས་ཉུང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཡོད།
   གངས་ལྗོངས་ས་མཐོ་དང་ཐག་རིང་ལུང་ཁུག་རི་གྲོང་གང་ཞིག་ཡིན་རུང་། མང་ཚོགས་ཕྱིར་སྐྱོད་དཀའ་བ་དང་། གློག་དཀོན་པ། སློབ་གྲྭ་འགྲིམ་དཀའ་བ། ནད་གཞི་བསྟེན་དཀའ་བ། ཆ་འཕྲིན་གསང་པོ་མེད་པ་སོགས་དུས་ཡུན་རིང་པོ་ཐག་གཅོད་མ་བྱུང་བའི་གནད་དོན་རྙིང་པ་དང་གནད་དོན་ཆེ་གྲས། དཀའ་གནད་བཅས་ཡོངས་ཁྱབ་ངང་ཐག་གཅོད་བྱས་པས། འཕེལ་རྒྱས་ཀྱི་ཉི་འོད་གྲུ་ཟུར་ཀུན་ལ་ཁྱབ་ཡོད།
    ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པའི་མི་མེད་བྱང་ཐང་དུ་སྣུམ་སྣོན་ས་ཚིགས་ཆུང་ཆུང་ཞིག་ཁེར་རྐྱང་དུ་གནས་ཡོད།
    ལས་མི་4དང་སྣུམ་སྣོན་སྒྲིག་ཆས་2ལས་མེད་པ་འདི་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་སྣུམ་སྣོན་ས་ཚིགས་ཤིག་ཡིན་ནའང་མཚོ་གཉིས་ས་ཁུལ་གྱི་སྤྱི་ལེ་ངོས་གྲུ་ཁྲི་12ཀྱི་སར་འཚོ་བ་སྐྱེལ་བཞིན་པའི་ལས་བྱེད་པ་དང་མང་ཚོགས་ཁྲི་གཅིག་ལྷག་ཙམ་ལ་བཅོས་སྣུམ་མཁོ་སྤྲོད་ཀྱི་འགན་འཁུར་བཞིན་ཡོད།
    འབྲོག་པ་ཚོས་སྣུམ་སྣོན་ས་ཚིགས་འདིར“ཚེ་སྲོག་གི་ས་ཚིགས”ཞེས་འབོད་ཀྱི་ཡོད། 2019ལོར་མཚོ་སྦྲེལ་ལྷོ་མ་གྲོང་རྡལ་གྱི་བློ་བཟང་རྒྱལ་མཚན་ཁྱིམ་གྱི་ཕྲུ་གུར་ནད་གཞི་ཚབས་ཆེན་ཕོག་ནས་སྨན་ཁང་དུ་སྐྱེལ་བའི་ལམ་བར་དུ་རླངས་འཁོར་གྱི་སྣུམ་རྫོགས་པས་སྣུམ་སྣོན་ས་ཚིགས་ལ་རོགས་རམ་གནང་རོགས་ཞུས། ཁ་པར་འབྱོར་རྗེས་སྣུམ་སྣོན་ས་ཚིགས་ཀྱི་ལས་མི་ཚེ་ཐར་དང་བསམ་གྲུབ་ཀྱིས་འཕྲལ་མ་ཉིད་དུ་སྣུམ་སྐྱེལ་བར་ཕྱིན་པས། ཕྲུ་གུ་དུས་ཐོག་ཏུ་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་ལ་སྐྱེལ་ཐུབ་པ་བྱུང་།
    དཔྱིད་ཀ་ཤར་ཡང་འདི་གའི་རྩྭ་རྩི་ཤིང་སྔར་བཞིན་སེར་པོ་ཡིན་པ་དང་གྲང་རླུང་དྲག་པོ་ལྡང་གི་ཡོད། “གང་དུ་སྣུམ་དགོས་ཚེ་ང་ཚོས་དེ་གར་སྣུམ་སྣོན་ས་ཚིགས་བཙུགས་པ་དང་བརྟན་སྲུང་བྱས་ཡོད”ཅེས་ཀྲུང་གོ་རྡོ་སྣུམ་ནག་ཆུ་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝུའུ་ཁྲེན་ཧུང་གིས་བརྗོད།
    སྣུམ་སྣོན་ས་ཚིགས་དང་། ལྕགས་སྒྲོམ། སྦྲེལ་ཚུགས་སོགས་ས་ཕྱོགས་གང་སར་བཙུགས་ནས་མི་སེར་ཚོར་འོད་སྣང་དང་རེ་བ་སྦྱིན་ཡོད།
    གློག་དྲ་འཐེན་པ་དང་། སྦྲེལ་ཚུགས་འཛུགས་པ། འོད་སྐུད་ཁྲིད་པ་སོགས་བཀྲག་མདངས་འཚེར་བའི་ཞབས་ཞུ་རེ་རེ་ལས་མི་སེར་གྱི་འཚོ་བར་དྲོ་སྐྱིད་སྦྱིན། ལོ་འདི་དག་རིང་རང་རྒྱལ་གྱིས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུ་ལེགས་བཅོས་ལ་སྐུལ་འདེད་མྱུར་པོ་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
    རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི《མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་གི་ཀྲུང་གོའི་ལག་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་མངོན་པར། གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་དང་། གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར། གློག་དྲ་གཙོ་བོ་དང་གློག་གཏོང་སྐུད་ལམ་འཛུགས་སྐྲུན་སོགས་གློག་དྲའི་ཆེད་དོན་ལས་གྲྭ་ལག་བསྟར་བྱས་ཏེ་གློག་དྲ་ཐག་རིང་ལུང་ཁུག་གི་ས་ཁུལ་དེ་བས་མང་བར་ཁྲིད་པས། གྲོང་གསེབ་ཁུལ་ཚང་མར་སྤྱིར་ན་བརྟན་ལ་བློས་འགེལ་ཆོག་པའི་གློག་མཁོ་འདོན་ཞབས་ཞུ་ཁྱབ་ཡོད། གྲོང་ཚོ་དབུལ་པོར་འོད་སྐུད་དང་4Gདྲ་བ་ཁྲིད་ཚད་ཚང་མ་98%ལྷག་ཙམ་ཟིན་ནས་རྒྱང་ཁྲིད་སློབ་གསོ་ས་ཁུལ་དབུལ་པོའི་སློབ་གྲྭར་མགྱོགས་མྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་རྒྱང་ཁྲིད་སྨན་བཅོས་དང་དྲ་ཐོག་ཚོང་དོན་རྫོང་དབུལ་པོ་ཚང་མར་ཁྱབ་ཡོད།
    པེ་ཅིང་ཐུང་རེན་སྨན་ཁང་སྐྱ་འགྲིབ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སྨན་པ་དཀའ་བཅུ་པ་ཀྲང་ཧུང་ཡན་གྱིས་མིག་ནད་ཚན་ཁག་གི་སྤྱི་ཕན་དབུལ་སྐྱོར་ལས་དོན་ལོ་20བསྒྲུབས་ཡོད། ལོ་20ཡི་རིང་ཁོང་གིས་མེས་རྒྱལ་གྱི་ལྷོ་བྱང་ས་ཁུལ་དུ་བསྐྱོད་པ་མ་ཟད། མཚོ་བོད་ས་མཐོར་ཐེངས་དྲུག་དང་ཡུན་ཀུའེ་ས་མཐོར་ཐེངས་གཉིས་བསྐྱོད་དེ་སྐྱ་འགྲིབ་ཕོག་པའི་ནད་པ་6000ལྷག་ཙམ་ལ་སླར་ཡང་འོད་སྣང་སྦྱིན་ཡོད།
    ཀྲུང་གོའི་ཕྱི་སྦྱོང་ཤེས་ལྡན་མི་སྣ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་བཀོད་སྒྲིག་འོག ལོ་48ལ་སླེབས་པའི་བོད་ལྗོངས་ལྷོ་རོང་རྫོང་ཀྲུང་ཡས་ཤང་ཀྲུང་ཡས་གྲོང་ཚོའི་གྲོང་མི་རྣམ་འཕེལ་ལ་དཔྱི་ཚིགས་གཡས་པ་བརྗེ་བའི་གཤགས་བཅོས་བྱེད་བཞིན་འདུག གཤགས་བཅོས་བྱས་རྗེས་ཁོང་ནད་ཀྱི་སྡུག་བསྔལ་ལས་ཐར་ནས་འཚོ་བ་རང་རྐྱ་འཕེར་ཐུབ་པ་མ་ཟད་ད་དུང་གྲོང་ཚོའི་ལམ་འགྲམ་དུ་བོད་ཟས་ཁང་དང་ཙག་ཙིག་ཚོང་ཁང་ཞིག་བཙུགས་ཡོད་པ་རེད།
    གྲངས་གཞི་རེ་རེ་ལས་དམངས་འཚོར་དྲོ་སྐྱིད་སྦྱིན་པ་མངོན་ཐུབ།
    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་མཉམ་སྤྱོད་འཕེལ་རྒྱས་ལས་དམངས་འཚོར་ཕན་པ་བཏགས་ཡོད། རྒྱལ་ཡོངས་ཀྱི་འོས་འགན་སློབ་གསོའི་སློབ་གྲྭ་99.8%ཀྱི་སློབ་གཉེར་ཆ་རྐྱེན་ཚད་གཞི་ལོན་ནས་འོས་འགན་སློབ་གསོའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་སོང་བ་དང་། རྒན་གསོ་ཞབས་ཞུའི་ཉལ་ཁྲི་ཁྲི་761ལྷག་ཙམ་ཟིན་པ། གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱབ་ཚད་མི་དུང་ཕྱུར་13ལྷག་ཙམ་དང་གཞི་རྩའི་རྒན་གསོ་འགན་བཅོལ་ཁྱབ་ཚད་མི་དུང་ཕྱུར་10ཙམ་ཟིན་ནས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་ཅིག་བསྐྲུན་ཡོད་པ་རེད།