འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་22ཉིན།

༄༅།།ནོར་བུ་གླིང་གར་ཞིག་གསོའི་ལས་གྲྭའི་འགོ་བརྩམས་པ།  

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་22ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན། འཛམ་གླིང་རིག་གནས་ཤུལ་བཞག་ནོར་བུ་གླིང་གའི་ཕོ་བྲང་དག་གི་རྒྱ་ཕིབས་དང་ཐོག་ངོས་ལ་ཞིག་གསོ་བྱེད་པའི་ལས་གྲྭ་ཉེ་ཆར་འགོ་ཚུགས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ལས་གྲྭ་ནི་ནོར་བུ་གླིང་གའི་ཕོ་བྲང་དག་གི་རྒྱ་ཕིབས་དང་ཐོག་ངོས་ཀྱི་ཨར་ཀ་དེ་བཞིན་ཟུར་གཏོགས་ཀྱི་རིག་དངོས་དག་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་དང་ཞིག་གསོ་བྱ་རྒྱུ་ཡིན།  
  2001ལོར། ནོར་བུ་གླིང་ག་ནི་འཛམ་གླིང་རིག་གནས་ཤུལ་བཞག་པོ་ཏ་ལའི་རྒྱ་སྐྱེད་རྣམ་གྲངས་ཀྱི་ངོས་ནས། འཛམ་གླིང་ཤུལ་བཞག་རིག་དངོས་ཀྱི་མིང་ཐོར་བཀོད་པ་རེད།  
    ནོར་བུ་གླིང་ག་དོ་དམ་ཁྲུའུ་རིག་དངོས་སྡེ་ཁག་གི་འགན་འཁུར་བ་སྤེན་པ་སྒྲོལ་མས་གསར་འགོད་པ་ལ་བཤད་དོན། དུས་ཡུན་རིང་པོར་ཉི་འོད་དང་ཆར་ཆུ་སོགས་རང་བྱུང་གི་བསླད་སྐྱོན་ཐེབས་པར་བརྟེན། མིག་སྔར་གནའ་བོའི་རྒྱ་ཕིབས་དག་དང་དེའི་མཐའ་ཟུར་གྱི་རིག་དངོས་སྒྲིག་བཀོད་དག་གི་མདོག་འགྱུར་བ་དང་ཆུ་སིམ་པ་སོགས་ཀྱི་གནས་ཚུལ་འབྱུང་བཞིན་འདུག 
   ཤེས་རྟོགས་བྱུང་བར་གཞིགས་ན། ནོར་བུ་གླིང་གའི་རྒྱ་ཕིབས་ཞིག་གསོའི་ལས་གྲྭ་ལ་རྒྱལ་ཁབ་ཀྱིས་ཆེད་དངུལ་སྒོར་ཁྲི་3868བཏང་ཡོད་ཅིང་། ལས་གྲྭ་ཡིས་སྤྱན་གསལ་ཕོ་བྲང་དང་ཁམས་གསུམ་ཟིལ་གནོན། བསྐལ་བཟང་བདེ་སྐྱིད་ཕོ་བྲང་སོགས་གནའ་བོའི་རྩིག་བཟོས་9ཡི་སྨི་གྲུ་བཞི་མ་855བརྒལ་བའི་རྒྱ་ཕིབས་དག་ལ་ཞིག་གསོ་བྱ་རྒྱུ་དང་། སྨི་གྲུ་བཞི་མ་ཁྲི་1བརྒལ་བའི་ཐོག་ངོས་ཀྱི་ཨར་ཀ་དེ་བཞིན་ཟུར་གཏོགས་རིག་དངོས་སྒྲིག་བཀོད་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་དང་ཞིག་གསོ་བྱ་རྒྱུ་རེད། 
   “ང་ཚོས་རིག་དངོས་སྲུང་སྐྱོབ་ཀྱི་རྩ་དོན་ལ་དམ་པོར་གཞིགས་ནས། རིག་དངོས་རྗེས་ཤུལ་ལ་ཐེ་གཏོགས་ཆེས་ཆུང་བའི་སྲུང་སྐྱོབ་དང་ཞིག་གསོ་བྱ་རྒྱུ་དང་། དུས་མཚུངས་སུ། ལས་གྲྭའི་སྤུས་ཚད་དང་རིག་དངོས་བདེ་འཇགས་འགན་སྲུང་བྱ་ཆེད། ང་ཚོས་ད་དུང་ཆེད་དུ་ནོར་བུ་གླིང་གའི་དོ་དམ་ཁྲུའུ་ཡི་ལས་བྱེད་མི་སྣ་དང་ཕོ་བྲང་སོ་སོའི་དོ་དམ་པ་30ཙམ་གྱིས་གྲུབ་པའི་ལྟ་སྐུལ་དོ་དམ་ཚོ་ཆུང་སྒྲིག་འཛུགས་བྱས་ཡོད”ཅེས་སྤེན་པ་སྒྲོལ་མས་བཤད།