འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་14ཉིན།

༄༅།།ལྗར་པན་གྱི་གསར་འགོད་པས་དྲི་བ་འདི་འདྲ་དྲིས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་14ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལྗར་པན་གྱི་གསར་འགོད་པས་དྲི་བ་འདི་འདྲ་དྲིས།
    མི་དམངས་དྲ་བའི་འཕྲིན། ཚེས་13ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
    གསར་འགོད་པའི་ཚོགས་འདུའི་ཐོག  ལྗར་པན་རྒྱང་བསྒྲགས་མཐུན་ཚོགས་ཀྱི་གསར་འགོད་པས། ཉིང་རྡུལ་སྒྲིག་བཀོད་རྒྱུན་ལྡན་དུ་བཀོལ་སྤྱོད་བྱེད་དུས་ཕྲོམ་ཐོན་གྱིན་འདུག རྒྱལ་ཁབ་ཁག་གི་ཚད་གཞི་ལྟར་སླ་བཟོ་བྱས་རྗེས་རྒྱ་མཚོ་དང་རླུང་ཁམས་ཆེན་པོའི་ནང་འབུད་དགོས། གནས་ཚུལ་སྤེལ་བར་གཞིགས་ན། ཁོ་རེ་ཡ་ལྷོ་མ་དང་ཡོ་རོབ། ཨ་རི་སོགས་འཛམ་གླིང་ས་གནས་ཁག་གི་ཉིང་རྡུལ་སྒྲིག་བཀོད་ཚང་མར་ཕྲོམ་འབུད་གཏོང་གནས་ཚུལ་ཡོད་པ་དང་། ཀྲུང་གོའི་ཏ་ཡ་མཚོ་ཁུག་ཉིང་རྡུལ་གློག་ཁང་གིས་ཀྱང་2002ལོར་ཕྲོམ་པེ་ཁེ་ལེར་དུང་ཕྱུར་ཁྲི་42འབུད་གཏོང་བྱས་མྱོང་ཡོད་པ་རེད། ལྗར་པན་སྲིད་གཞུང་གི་འཆར་གཞི་ནི་ཆུ་སྙིགས་དེ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆུ་སྤྱོད་ཚད་གཞིའི་བདུན་ཆའི་གཅིག་བར་སླ་བཟོ་བྱས་རྗེས་འབུད་གཏོང་བྱ་རྒྱུ་དེ་རེད། དེར་བརྟེན་ལྗར་པན་རྒྱལ་ནང་གི་ངོ་རྒོལ་བསམ་འཆར་མང་ཆེ་བ་བདེ་ཐང་ལ་དམིགས་པ་ཞིག་མིན་པར། འབུད་གཏོང་བྱེད་པའི་ཐད་དཔལ་འབྱོར་གྱི་གྱོང་གུན་ཡོང་རྒྱུར་སེམས་ཁྲལ་བྱས་པས་རེད། ངས་བལྟས་ན་གནད་དོན་འདིར་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་གཅོད་དགོས་སྙམ། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལ་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པ་རེད།
   ཀྲའོ་ལི་ཅན་གྱིས། ཧྥུའུ་ཏའོ་ཉིང་རྡུལ་གློག་ཚུགས་དང་པོ་རུ་རིམ་པ་ཆེས་མཐོ་བའི་ཉིང་རྡུལ་དོན་རྐྱེན་བྱུང་མྱོང་བ་རེད། དེ་ལས་ཐོན་པའི་ཆུ་སྙིགས་ནི་རྒྱུན་ལྡན་གཉེར་སྐྱོང་བྱེད་པའི་ཉིང་རྡུལ་གློག་ཚུགས་ཀྱི་ཆུ་སྙིགས་དང་རྩ་བ་ནས་མི་འདྲ། དེ་མིན་ལོ་འདི་དག་གི་རིང་ལྗར་པན་ཕྱོགས་ཀྱིས་ཆུ་མཛོད་དུ་ཆུ་སྙིགས་དག་དམ་པོར་འཇུག་དོན་མེད། དེ་གཉིས་གཅིག་བྱས་ནས་བཤད་མི་རུང་ཞེས་ལན་བཏབ།
   དེ་སྔོན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་རིགས་གཅིག་མཁས་པའི་ཚོགས་ཆུང་གི་དཔྱད་དཔོག་སྙན་ཞུའི་ནང་། གལ་ཏེ་ཧྥུའུ་ཏའོ་ཉིང་རྡུལ་གློག་ཚུགས་ནང་ཕྲོམ་འདུས་པའི་ཆུ་སྙིགས་དེ་རྒྱ་མཚོའི་ནང་དྲངས་ན། དེས་མཐའ་འཁོར་རྒྱལ་ཁབ་ཀྱི་རྒྱ་མཚོའི་ཁོར་ཡུག་དང་སྤྱི་དམངས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་དང་། དུས་མཚུངས་སུ་ད་ཡོད་ཀྱི་གཙང་སེལ་བྱས་པའི་ཆུ་སྙིགས་ནང་ད་དུང་འགྱེད་འཕྲོ་རང་བཞིན་གྱི་ཉིང་རྡུལ་རྒྱུ་གཞན་དག་ཚུད་ཡོད་པས་སྔར་ལས་གཙང་སེལ་བྱས་ནས་ཐག་གཅོད་བྱེད་དགོས་ཞེས་བཀོད་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་རྡུལ་ཕྲན་ནུས་པའི་ཁྱབ་འགྱེད་ནུས་སྣང་ཚན་རིག་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་ནང་དུའང་། ཧྥུའུ་ཏའོ་ཉིང་རྡུལ་གློག་ཚུགས་ཀྱི་ཉིང་རྡུལ་དོན་རྐྱེན་ཆུ་སྙིགས་ཀྱིས་རྒྱ་མཚོའི་སྣོད་བཅུད་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པར་མུ་མཐུད་རྗེས་འདེད་ལྟ་ཞིབ་བྱེད་དགོས་པའི་ངོས་འཛིན་བྱས་ཡོད། འཇར་མན་གྱི་རྒྱ་མཚོའི་ཚན་རིག་ཞིབ་འཇུག་སྒྲིག་གཞི་ཡིས་ཧྥུའུ་ཏའོ་མཚོ་ངོགས་སུ་འཛམ་གླིང་ཐོག་གི་མཚོ་རྒྱུན་ཆེ་ཤོས་དེ་ཡོད་པས། ཕྱིར་འབུད་པའི་ཉིན་ནས་བཟུང་གི་ཉིན་57ནང་ཚུན་དུ། འགྱེད་འཕྲོའི་དངོས་པོ་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁོངས་ཕྱེད་ཀ་བར་ཁྱབ་རྒྱུ་དང་། ལོ་10ཡི་རྗེས་སུ་གོ་ལ་ཧྲིལ་པོའི་མཚོ་ཁོངས་སུ་ཁྱབ་རྒྱུ་རེད་ཅེས་བསྟན་ཡོད། ལྗང་མདོག་ཞི་བདེ་རྩ་འཛུགས་ཀྱི་ཉིང་རྡུལ་རིགས་གཅིག་མཁས་པས། ལྗར་པན་གྱི་ཉིང་རྡུལ་བཙོག་ཆུའི་ནང་གི་ཐཱན་འདུས་ཚད་14ནི་ལོ་ངོ་སྟོང་ནང་ཚུན་དུ་ཉེན་ཁ་ཡོད་པ་མ་ཟད། ད་དུང་གཞི་རྒྱུར་གནོད་འཚེ་བཟོ་སྲིད་པར་བཤད། ཟླ་4ཚེས་12ཉིན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་སྤྱི་ཁྱབ་ལས་འཛིན་ཀེ་ལུའོ་ཞིས། སྒྲིག་གཞིས་ཕྱོགས་ཁག་གིས་གནད་དོན་དེར་དོ་ཁུར་ཆེན་པོ་བྱེད་པ་དང་གནད་དོན་དེར་གོ་ལ་ཧྲིལ་པོར་དོ་ཁུར་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད། སྒྲིག་གཞིས་དྲང་གཞག་དང་། ཕྱི་རོལ་ཡུལ་དང་མཐུན་པ། ཚན་རིག་དང་མཐུན་པ་བཅས་ཀྱི་བྱ་ཐབས་ཐོག་ནས་སྒྲིག་གཞིས་དེའི་ཐད་དཔྱད་དཔོག་དང་ལྟ་སྐུལ་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ཁེ་ཕན་དང་འབྲེལ་བ་ཡོད་པའི་ཕྱོགས་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བྱ་བ་དེས་རྒྱ་མཚོའི་ཁོར་ཡུག་དང་། བཟའ་བཅའི་བདེ་འཇགས། མིའི་རིགས་ཀྱི་བདེ་ཐང་བཅས་ལ་སྔར་བས་གནོད་འཚེ་མི་ཕོག་པ་བྱེད་འདོད་ཡོད་ཅེས་བརྗོད།