འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་14ཉིན།

༄༅།།ལོ་109ཅན་གྱི་བགྲེས་མོ་ཡིས་ཨོ་རྩལ་དཔལ་འབར་བརྒྱུད་སྤྲོད་ལེགས་འགྲུབ་བྱུང་བའི་ཟིན་ཐོ་
གསར་པ་བཀོད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་14ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་12ཉིན། ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཚེས་12ཉིན་གནའ་གྲོང་ནའེ་ལིའང་དུ་བརྒྱུད་སྤྲོད་མཇུག་བསྒྲིལ་བ་རེད། དགུང་ལོ་109ཡིན་པའི་བགྲེས་མོ་ཞིག་རྐུབ་སྟེགས་འཁོར་ལོ་རུ་བསྡད་དེ་བརྒྱུད་སྤྲོད་ལེགས་འགྲུབ་བྱས་ནས། ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་ལ་ཞུགས་མཁན་དགུང་ལོ་མཐོ་ཤོས་ཀྱི་ཟིན་ཐོ་བཀོད་ཡོད། 
    2016ལོར། དགུང་ལོ་106ཡིན་པའི་པར་ཙིར་བ་ཨའེ་དཱ·རེ་མན་ཀོ་ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་ལ་ཞུགས་ནས། ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་འཁྱེར་མཁན་དགུང་ལོ་མཐོ་ཤོས་ཀྱི་ཟིན་ཐོ་བཀོད་པ་རེད། ཟིན་ཐོ་འདི་ནི་ཉིན་དེར་དགུང་ལོ་109ཡིན་པའི་ཧོ་ཁྲོན་ཚི་ཙེ་ཡིས་གསར་སྒྱུར་བྱས་པ་རེད།
   ཧོ་ཁྲོན་ཚི་ཙེ་ཨོ་རྩལ་ལ་ཞུགས་པར་གཟིགས་མོ་བ་མང་པོ་བཀུགས་ཡོད། ཁོང་ནི་རྐུབ་སྟེགས་འཁོར་ལོར་སྡོད་བཞིན་ཚ་མོས་བུད་དེ་དཔལ་འབར་བརྒྱུད་སྤྲོད་བྱ་ཡུལ་དུ་སླེབས་པ་རེད། ཧོ་ཁྲོན་ཚི་ཙེ་ནི་སྐུ་ཁམས་བདེ་པོ་ཡོད་ཅིང་། དཔལ་འབར་སྤྲོད་ལེན་བྱེད་དུས། ཁོ་མོ་རྐུབ་སྟེགས་འཁོར་ལོའི་ཐོག་ནས་ཡར་ལངས་ཏེ། ལག་གཉིས་ཀྱིས་དཔལ་འབར་བཟུང་ནས་བླ་མེ་སྦར་བ་རེད། ཁོ་མོ་རྐུབ་སྟེགས་འཁོར་ལོའི་ཐོག་བསྡད་ནས། འཛུམ་མདངས་ངང་ལམ་འགྲམ་གྱི་གཟིགས་མོ་བ་རྣམས་ལ་ལག་པ་གཡུག་གཡུག་གིས་གུས་ལན་གནང་བ་དང་། ལམ་ཐག་སྨི་200ཧྲིལ་པོར་བསྐྱོད་ཐུབ་ཡོད་པ་རེད། 
གཞན་གྱིས་བཤད་པར་གཞིགས་ན། ཧོ་ཁྲོན་ཚི་ཙེ་ནི་དེ་སྔོན་བུད་མེད་དང་བུ་བཙའི་ཚན་ཁག་གི་སྨན་པ་ཞིག་ཡིན་ཞིང་། 1911ལོར་སྐྱེས། འགྱུར་ལྡོག་ལྡན་པའི་ལོ་ཟླ་མང་པོ་ཉམས་སུ་མྱོང་ཡོད། ཁོ་མོས། “དཔལ་འབར་བརྒྱུད་སྤྲོད་བྱེད་ཐུབ་པ་ནི་རང་གི་ཕུགས་འདུན་མངོན་འགྱུར་བྱུང་བ་ཡིན”ཞེས་བཤད།
    དཔལ་འབར་བརྒྱུད་སྤྲོད་ཟླ་3ཚེས་25ཉིན་ནས་འགོ་བརྩམས་པ་ནས་བཟུང་། ཧོ་ཁྲོན་ཚི་ཙེ་ནི་ཡང་བརྒྱུད་སྤྲོད་ལ་ཞུགས་མཁན་ལོ་བརྒྱ་བརྒལ་བའི་བགྲེས་སོང་གཉིས་པ་དེ་རེད། འཆར་འགོད་ལ་བསྟུན་ན། ཁོ་མོ་ནི་དགུང་ལོ་མཐོ་ཤོས་དེ་མ་རེད། དེ་སྔ་ལྗར་པན་སྨན་སྦྱོར་གྱིས་གསར་འགྱུར་སྤེལ་བའི་ནང་། ཅི་ཉི་སིའི་འཛམ་གླིང་ཟིན་ཐོས་བདེན་དཔང་བྱས་པའི་“འཛམ་གླིང་ཡོངས་སུ་འཚོ་བཞུགས་ཡོད་པའི་སྐུ་ཚེ་རིང་ཤོས་བགྲེས་སོང་”ལོ་118ཡིན་པའི་བགྲེས་མོ་ཐན་ཀྲུང་ལི་ཙི་ཟླ་5པའི་ནང་དཔལ་འབར་བརྒྱུད་སྤྲོད་ནང་ཞུགས་རྒྱུ་རེད། གལ་ཏེ་ཁོ་མོས་ཧྥུུ་ཀང་དུ་བརྒྱུད་སྤྲོད་ལེགས་འགྲུབ་བྱས་ཐུབ་བྱུང་ན། ཁོང་གིས་འཛམ་གླིང་གི་ཟིན་ཐོ་གསར་པ་གཏོད་རྒྱུ་རེད།
   ཚེས་13ཉིན་དང་ཚེས་14ཉིན་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཏཱ་པན་དུ་བརྒྱུད་སྤྲོད་བྱེད་པར་སྒྱུར་རྒྱུ་རེད།རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཏཱ་པན་དུ་བརྒྱུད་སྤྲོད་བྱེད་པ་ཚང་མ་གྲོང་ཁྱེར་ནང་གི་ཝང་པའོ་དྲན་གསོ་སྤྱི་གླིང་དུ་སྒོ་བརྒྱབ་སྟེ་སྤེལ་རྒྱུ་ཡིན་པ་ལས་གཟིགས་མོ་བ་ནང་དུ་ཡོང་མི་ཆོག་པ་རེད།