འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་7ཉིན།

༄༅།།སློབ་གསོ་པུའུ་ཡི་སྤྱི་བསྒྲགས་གལ་ཆེན། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་07ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་གསལ། སློབ་གསོ་པུའུ་ཡིས་ཉེ་ཆར། 《སྐྱེ་བོ་ལོ་ན་མ་སོན་པར་སློབ་གྲྭ་ནས་སྲུང་སྐྱོང་བྱེད་ཕྱོགས་སྐོར་གྱི་གཏན་འབེབས(བསམ་འཆར་བསྡུ་ལེན་མ་ཟིན)》(གཤམ་དུ་《བསམ་འཆར་མ་ཟིན》ཞེས་བསྡུས་འབྲི་བྱ་རྒྱུ།)བསྒྲགས་ནས་བསམ་འཆར་བསྡུ་ལེན་བྱས་ཡོད། བསམ་འཆར་བསྡུ་ལེན་མ་ཟིན་ནང་སློབ་མའི་ངལ་གསོ་ལ་ཁག་ཐེག་དང་། སློབ་རའི་བརྙས་བཅོས་སྔོན་འགོག  མཚན་མའི་བཙན་གནོད་འགོག་བཅོས་སོགས་ཕྱོགས་མང་པོའི་ཐད་ནས་གཏན་འབེབས་ཁ་གསལ་བྱས་ཡོད།
   1 སློབ་གྲྭས་སློབ་མར་ཉེན་ཁ་ཆེ་བའི་རོགས་སྐྱོབ་བམ་ཚོང་ལས་རང་བཞིན་གྱི་བྱེད་སྒོར་ཞུགས་པར་སྒྲིག་འཛུགས་བྱེད་མི་ཆོག
   མི་ལུས་བདེ་ཐང་ཐད་ནས། བསམ་འཆར་མ་ཟིན་ནང་སློབ་གྲྭས་སློབ་མར་ཉེན་ཁ་ཆེ་བའི་རོགས་སྐྱོབ་བམ་ཚོང་ལས་རང་བཞིན་གྱི་བྱེད་སྒོའི་ནང་ཞུགས་པར་སྒྲིག་འཛུགས་དང་བཀོད་སྒྲིག་བྱེད་མི་ཆོག སློབ་མ་རྣམས་དུག་ཡོད་པ་དང་གནོད་པ་ཡོད་པའི་ཉེན་ཁ་རང་བཞིན་གྱི་ལས་དོན་དང་། དེ་བཞིན་སློབ་མ་ལ་མི་འཚམ་པའི་བྱེད་སྒོར་ཞུགས་རྒྱུ་བཀོད་སྒྲིག་བྱེད་མི་ཆོག་པ་བཏོན་ཡོད།
   2སློབ་གྲྭས་སློབ་གསེང་སྐབས་སློབ་མ་སློབ་ཁང་ནས་བུད་དེ་འགུལ་སྐྱོད་བྱེད་པར་ཚོད་འཛིན་བྱེད་མི་ཆོག
    བསམ་འཆར་མ་ཟིན་ནང་ཁ་གསལ་པོར་བསྟན་དོན། སྐྱེ་བོ་ལོ་ན་མ་སོན་པའི་ངལ་གསོའི་དུས་ཚོད་ཁག་ཐེག་བྱེད་དགོས། སློབ་གྲྭས་སློབ་མར་གཏན་འབེབས་བྱས་པའི་དུས་ཚོད་སྔོན་ལ་སློབ་གྲྭར་ཐོན་ནས་གཅིག་གྱུར་གྱི་སློབ་ཚན་སློབ་ཁྲིད་བྱེད་སྒོར་ཞུགས་རྒྱུའི་བླང་བྱ་བཏོན་མི་ཆོག  སློབ་གསེང་སྐབས་སློབ་ཁང་ནས་བུད་དེ་འགུལ་སྐྱོད་བྱེད་པར་ཚོད་འཛིན་བྱེད་མི་ཆོག འོས་འགན་སློབ་གསོའི་སློབ་གྲྭས་རྒྱལ་ཁབ་ཀྱི་ཁྲིམས་བཀོད་དུས་ཆེན་དང་། ངལ་གསོའི་ཉིན་མོ། དབྱར་གནང་དང་དགུན་གནང་གི་གུང་སེང་བེད་སྤྱད་ནས་སློབ་མ་རྣམས་གཅིག་འདུས་ཀྱི་གསབ་ཁྲིད་བྱེད་མི་ཆོག   གཅིག་བསྡུས་ཀྱིས་གསབ་ཁྲིད་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་ནས་སློབ་མའི་ངལ་གསོ་དུས་ཚོད་བཙན་བཟུང་བྱེད་མི་ཆོག
   3 སློབ་གྲྭས་སློབ་མའི་དངོས་ཟོག་སློབ་སྐབས་གཅིག་ལས་བརྒལ་ནས་བཀག་ཉར་བྱེད་མི་ཆོག
    རྒྱུ་ནོར་ཁེ་དབང་སྲུང་སྐྱོང་ཐད་ནས། སློབ་གྲྭས་སློབ་མའི་རྒྱུ་ནོར་ཁེ་དབང་སྲུང་སྐྱོང་བྱེད་དགོས། རྒྱུ་ནོར་ལ་གཏོར་སྐྱོན་གཏོང་བའི་ཐབས་ཤེས་ལ་བརྟེན་ནས་སློབ་མར་སློབ་གསོ་དོ་དམ་བྱེད་མི་རུང་།  དོ་དམ་གྱི་དགོས་པར་གཞིགས་ནས་སློབ་མའི་དངོས་ཟོག་གནས་སྐབས་རིང་བཀག་ཉར་བྱས་པ་དག  ཤུགས་རྐྱེན་མེད་པར་གྱུར་རྗེས་སློབ་མའམ་དེའི་ཁྱིམ་བདག་ལ་ཕྱིར་སྤྲོད་དགོས། གནས་སྐབས་རིང་བཀག་ཉར་བྱས་པའི་དུས་ཚོད་ཟླ་གཅིག་ལས་བརྒལ་ན་ཁྱིམ་བདག་ལ་བརྡ་རྒྱག་དགོས། དུས་ཚོད་རིང་ཤོས་ལ་སློབ་སྐབས་གཅིག་ལས་རིང་མི་ཆོག
   4 སློབ་གྲྭས་སྒྲིག་འགལ་ངང་སློབ་མའི་ས་ནས་གྲོན་དངུལ་བསྡུ་མི་ཆོག
   “སློབ་གྲྭས་སྒྲིག་འགལ་ངང་སློབ་མའི་ས་ནས་གྲོན་དངུལ་བསྡུ་མི་ཆོག བླང་བྱ་བཙན་པོའམ་ཆ་རྐྱེན་སྒྲིག་འགོད་བྱས་ནས་སློབ་མ་དང་ཁྱིམ་བདག་ལ་དངུལ་དང་དངོས་པོ་ཞལ་འདེབས་རྒྱག་པ་དང་། ཐོན་རྫས་སམ་ཞབས་ཞུ་ཉོ་སྒྲུབ་བྱེད་པ། ཡང་ན་ཁྱིམ་བདག་ལ་དངོས་པོས་རོགས་སྐྱོབ་དང་། རིན་པ་སྤྲོད་པའི་ཞབས་ཞུ་སོགས་ཀྱི་བླང་བྱ་འདོན་མི་ཆོག་པ་”བསམ་འཆར་མ་ཟིན་ནང་ཁ་གསལ་པོར་བཀོད་ཡོད།
   5 སློབ་མས་ལག་ཁྱེར་ཁ་པར་སློབ་ཁང་དུ་ཁུར་མི་ཆོག
   དྲ་རྒྱ་དོ་དམ་ཕྱོགས་ལ་དམིགས་ནས། བསམ་འཆར་མ་ཟིན་ནང་བསྟན་དོན། སློབ་གྲྭས་སློབ་མས་ལག་ཁྱེར་ཁ་པར་སོགས་རིག་ནུས་ཐོན་རྫས་དག་སློབ་གྲྭའི་ནང་འཁྱེར་བའམ་སློབ་རའི་ནང་བེད་སྤྱོད་པ་འགོག་དགོས། ནང་དུ་ཁྱེར་བར་ཆོག་མཆན་ཐོབ་པ་དག གཅིག་གྱུར་གྱིས་དོ་དམ་བྱེད་པ་དང་། སློབ་ཁང་དུ་ཁྱེར་བ་གཏན་འགོག་བྱེད་དགོས།
   6 ལས་བཟོ་པས་ལས་གནས་ཀྱི་སྟབས་བདེ་བེད་སྤྱད་ནས་ཁེ་ཕན་གཉེར་མི་ཆོག
   བསམ་འཆར་མ་ཟིན་ནང་དགེ་རྒན་དོ་དམ་བྱེད་ཐབས་ལའང་བླང་བྱ་ཁ་གསལ་བཏོན་ཡོད། སློབ་གྲྭས་དགེ་རྒན་དང་ལས་བཟོ་པས་ལས་གནས་ཀྱི་སྟབས་བདེ་བེད་སྤྱད་ནས་རྣམ་པ་གང་རུང་གིས་སློབ་མ་དང་དེའི་ཁྱིམ་བདག་ནས་རྒྱུ་ནོར་ཐོབ་ཐབས་དང་དང་ལེན་བྱེད་པའམ། ཡང་ན་མགྲོན་འབོད་པ་སོགས་དང་ལེན་བྱེད་པར་དོ་དམ་དང་ལྟ་སྐུལ་བྱེད་དགོས། སློབ་མ་ལ་འཚོང་འགྲེམ་པའམ། སློབ་མས་དམིགས་བསལ་གྱི་ཟུར་ཁྲིད་དཔེ་དེབ་དང་ལྷན་ཐབས་སོགས་སློབ་དེབ་སྦྱང་གཞིའི་རྒྱུ་ཆ་ཉོ་སྒྲུབ་བྱེད་པའི་བླང་བྱ་འདོན་པ་དང་དམིགས་འཛུགས་བྱེད་མི་ཆོག སློབ་མར་དམིགས་བསལ་གྱི་ཚོང་གཉེར་རང་བཞིན་གྱི་དྲ་ཚིགས་ལ་མིང་ཐོ་བཀོད་ནས་ཐད་གཏོང་ལ་ཞུགས་པའམ། དྲ་ཐོག་ནས་ཅ་ལག་ཉོ་སྒྲུབ་སོགས་བྱེད་སྒོ་སྒྲིག་འཛུགས་དང་གཡོ་ཁྲིད་བྱེད་མི་ཆོག
   7 སློབ་མར་བརྙས་བཅོས་བྱེད་པའི་བྱ་སྤྱོད་ལ་བཟོད་སྒོམ་གཏན་ནས་མེད་པའི་ཐག་གཅོད་ལམ་སྲོལ་འཛུགས་དགོས།
   བསམ་འཆར་མ་ཟིན་གྱིས་ད་དུང་དམིགས་བསལ་སྲུང་སྐྱོང་ཐད་འབྲེལ་ཡོད་གཏན་འབེབས་དོན་ཚན་བརྒྱད་བཏོན་ཡོད། དེ་ལ་བརྙས་བཅོས་སྔོན་འགོག་གི་སློབ་གསོ། སྔོན་འགོག་ལམ་སྲོལ། བརྙས་བཅོས་བཀག་འགོག བརྙས་བཅོས་ལ་དོ་ཁུར། བརྙས་བཅོས་བྱས་པ་ཐག་གཅོད། མཚན་མའི་བཙན་གནོད་འགོག་བཅོས། ལས་ཞུགས་འདྲི་རྩད་སོགས་འདུས་ཡོད། སློབ་གྲྭས་བཅའ་ཁྲིམས་ཀྱི་གཏན་འབེབས་དོན་འཁྱོལ་བྱས་ནས་སློབ་མར་བརྙས་བཅོས་བྱེད་པ་སྔོན་འགོག་ཚོད་འཛིན་དང་། མཚན་མའི་བཙན་གནོད་བྱེད་པ་སྔོན་འགོག ཆགས་སུན་སློང་བ་སོགས་ཐད་ཀྱི་ལས་ཀའི་ལམ་ལུགས་བཙུགས་ཏེ། སློབ་མར་བརྙས་བཅོས་དང་། མཚན་མའི་བཙན་གནོད་བྱེད་པའི་བྱ་སྤྱོད་ལ་བཟོད་སྒོམ་གཏན་ནས་མི་བྱེད་པའི་ཐག་གཅོད་ལམ་སྲོལ་འཛུགས་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
   “དགེ་རྒན་གྱིས་སློབ་མའི་གཟུགས་པོའི་ཆ་རྐྱེན་དང་། ཁྱིམ་ཚང་གི་རྒྱབ་ལྗོངས། ཡང་ན་སློབ་སྦྱོང་གི་སྦྱངས་འབྲས་སོགས་ཀྱི་རྒྱུ་རྐྱེན་གྱིས་ཉམ་ཐག་པའམ་དམིགས་བསལ་གྱི་གནས་སུ་ལུས་པའི་སློབ་མར་དོ་སྣང་བྱེད་དགོས་པ་དང་། སློབ་མ་གང་ཞིག་ཁེར་རྐྱང་དང་ཕྱིར་འབུད་གཏོང་བ་སོགས་ཀྱི་གནས་ཚུལ་ཡོད་པ་ཤེས་ཚེ་དུས་ཐོག་ཏུ་ཇུས་གཏོགས་བྱེད་དགོས་པ” བསམ་འཆར་མ་ཟིན་ནང་བཀོད་ཡོད།
   8 སློབ་གྲྭས་ལས་ཀར་ཞུགས་པའི་སྙན་ཞུ་དང་ཞུགས་འཐུས་འདྲི་རྩད་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས།
   ལས་ཀར་ཞུགས་པའི་འདྲི་རྩད་ཐད་ནས། སློབ་གྲྭས་ནན་ཏན་གྱིས་ལས་རིགས་སུ་ཞུགས་པའི་སྙན་ཞུ་དང་ཞུགས་འཐུས་འདྲི་རྩད་ལམ་ལུགས་ལག་བསྟར་བྱེད་དགོས་ཤིང་། དགེ་རྒན་དང་ལས་བཟོ་པའམ་ཡང་ན་དང་བླངས་པ་དང་། སྤྱི་ཚོགས་ཀྱི་ལས་དོན་པ་སོགས་སློབ་ཕྱིའི་མི་སྣ་གདན་འདྲེན་ཞུ་སྐབས། འབྲེལ་ཡོད་མི་སྣར་རང་ཉིད་ལ་ཁྲིམས་འགལ་དང་། ཉེས་གསོག་གི་བྱ་སྤྱོད། དེ་མིན་ལོ་ན་མ་སོན་པའི་སྐྱེ་བོར་སློབ་གསོ་རྒྱག་པའི་ལས་ཀ་སྒྲུབ་པར་མི་འཚམ་པའི་སྤྱོད་ལམ་ངན་པ་ཡོད་མེད་ཀྱི་སྙན་སེང་ཞུ་དགོས་པའི་བླང་བྱ་འདོན་དགོས་པ་མ་ཟད། ཁས་ལེན་ཡི་གེ་ཡང་འབུལ་དགོས།