འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་1ཉིན།

༄༅།།མཚོ་སྔོན་མཛེས་རྩལ་ཚོགས་པའི་ཀྲུའུ་ཞི་ཡིས་གཞན་གྱི་རི་མོ་རྐུ་བཤུས་བྱས་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་01ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་དྲ་ཐོག་ཏུ་སྤེལ་བའི་མཱ་ཧན་སུང་གི་བརྩམས་ཆོས་(གཡོན)དང་ཝང་ཞའོ་ལི་ཡི་བརྩམས་ཆོས(གཡས)བསྡུར་པའི་པར་རིས་རེད།
འདི་ནི་དྲ་ཐོག་ཏུ་སྤེལ་བའི་མཱ་ཧན་སུང་གི་བརྩམས་ཆོས་(གཡོན)དང་ཝང་ཞའོ་ལི་ཡི་བརྩམས་ཆོས(གཡས)བསྡུར་པའི་པར་རིས་རེད། 
    མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་30ཉིན། ཀྲུང་གོའི་མཛེས་རྩལ་པའི་མཐུན་ཚོགས་གཞུང་གི་དྲ་ཚིགས་སུ་སྤེལ་བའི་གནས་ཚུལ་ལྟར་ན། ཀྲུང་གོའི་མཛེས་རྩལ་པའི་མཐུན་ཚོགས་ཏང་ཙུའུ་ཡིས་ཞིབ་འཇུག་ཐག་གཅོད་བྱས་པ་བརྒྱུད། ཝང་ཞའོ་ལི་ཀྲུང་གོའི་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ཚོགས་མིའི་སྐྱིད་སྡུག་ཏུ་ཡོད་པའི་ཐོབ་ཐང་གནས་སྐབས་སུ་མཚམས་བཞག་པ་རེད། 
   ཉེ་སྔོན། ཝང་ཞའོ་ལི་ཡིས་གཞན་གྱི་རི་མོ་རྐུ་བཤུས་བྱས་ཡོད་ཚུལ་གྱི་རྩོམ་ཞིག་དྲ་ཐོག་ཏུ་རྒྱ་ཆེར་གྲགས། ཝང་ཞའོ་ལི་ཡིས་དུས་ཡུན་རིང་པོར་རི་མོ་མཁས་པ་མཱ་ཧན་སུང་གི་བརྩམས་ཆོས་མང་པོ་འདྲ་བཟོ་དང་རྐུ་བཤུས་བྱས་ཡོད་པ་བསྟན། རྩོམ་དེར་རི་མོའི་བརྩམས་ཆོས་མང་པོ་ཞིག་བསྡུར་ནས་བཀོད་ཡོད་ཅིང་། རི་མོ་འགའི་ཆ་ཤས་ཙམ་རིགས་འདྲ་ཡིན་པ་ཕུད། རི་མོ་གཞན་དག་བཅུ་ལྷག་གི་རི་མོའི་གྲུབ་ཚུལ་དང་བཟོ་ལྟ། རྣམ་པ། ཚོན་མདོག་བེད་སྤྱོད་སྟངས་སོགས་ཚང་མ་རིགས་འདྲ་ཡིན།
   ཟླ་3ཚེས་26ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཝང་ཞའོ་ལི་ཡིས་མཚོ་སྔོན་ཞིང་ཆེན་རིག་རྩལ་ལྷན་ཚོགས་བརྒྱུད་ཕྱི་ཕྱོགས་སུ་དགོངས་དག་ཞུ་བའི་ཡི་གེ་ཁྱབ་བསྒྲགས་བྱས་ཤིང་། མཱ་ཧན་སུང་གི་བརྩམས་ཆོས་རྐུ་བཤུས་བྱས་པ་ཐོག་མར་ཁས་བླངས་པ་རེད། ཝང་ཞའོ་ལི་ཡི་དགོངས་དག་ཞུ་ཡིག་ནང་། “སྐུ་ཞབས་མཱ་ཧན་སུང་ནི་ང་རང་གིས་བརྩི་འཇོག་བྱེད་པའི་སྒྱུ་རྩལ་པ་ཞིག་ཡིན་ལ། ཁྱད་པར་དུ་ཁོང་གི་བརྩམས་ཆོས་ཀྱི་རྣམ་པ་ལ་ཧ་ཅང་དགའ་པོ་ཡོད། རང་ཉིད་ཀྱི་འབྲི་རྩལ་མཐོར་འདེགས་བྱ་ཆེད་ཁོང་གི་རི་མོར་སློབ་སྦྱོང་དང་འདྲ་བཤུས་བྱས་མྱོང་། དེ་ཡང་གཞན་ལ་ངོམ་པ་དང་སྟེས་དབང་གི་བསམ་ཚུལ་སོགས་ཀྱི་རྐྱེན་པས། རི་མོ་དེ་དག་སྤྱི་ཚོགས་སུ་ཁྱབ་པ་དང་། སྐུ་ཞབས་མཱ་ཧན་སུང་ལ་གནོད་པ་ཆེན་པོ་བཟོས་ཡོད་པ་མ་ཟད། ཀྲུང་གོའི་མཛེས་རྩལ་པའི་མཐུན་ཚོགས་དང་མཚོ་སྔོན་མཛེས་རྩལ་ལས་རིགས་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད་པས། ང་རང་འགྱོད་པ་ཆེན་པོ་སྐྱེས་ལ། རང་འགན་གཞན་ལ་དཀྲི་རྒྱུ་མེད། ”
   ཝང་ཞའོ་ལི་ཡིས། ཐེངས་འདིའི་དོན་རྐྱེན་ལས་རང་ཉིད་རྨོངས་ཉིད་ལས་སད་དུ་བཅུག་ཅིང་། དུས་དང་པོར་ཀྲུང་གོའི་མཛེས་རྩལ་པའི་མཐུན་ཚོགས་དང་མཚོ་སྔོན་རིག་རྩལ་ལྷན་ཚོགས་ལ་སྐྱོན་བརྗོད་གཏིང་ཟབ་བྱས་རྗེས། འཕྲལ་མར་ཐེན་ཅིན་དུ་སྐུ་ཞབས་མཱ་ཧན་སུང་ལ་དགོངས་དག་ཞུ་བར་ཕྱིན་པ་ཡིན་ཡང་། ཁོང་དང་དངོས་སུ་ཐུག་མ་ཐུབ་ཟེར།
ཝང་ཞའོ་ལི་ཡིས། རྗེས་ཕྱོགས་སུ་སྐུ་ཞབས་མཱ་ལགས་དང་མུ་མཐུད་འབྲེལ་གཏུག་བྱ་རྒྱུ་ཡིན་ཞིང་། ཁོང་གི་མདུན་ནས་འགྱོད་བཤགས་བྱ་རྒྱུ་ཡིན་ཟེར།
   དུས་མཚུངས་སུ། ཝང་ཞའོ་ལི་ཡི་དགོངས་དག་ཞུ་ཡིག་ནང་། “གསལ་བཤད་བྱེད་དགོས་པ་ཞིག་ལ། རྐུ་བཤུས་བྱས་པའི་བརྩམས་ཆོས་དག་འགྲེམས་སྟོན་དང་བྱ་དགའ་དཔྱད་འདེམས་གང་ལའང་ཞུགས་མ་མྱོང་། དྲ་ཐོག་ཏུ་བཀོད་པའི་བརྩམས་ཆོས་དག་གི་ངོས་སུ་མིང་བཀོད་པ་དག་ཀྱང་ང་རང་གིས་བྲིས་པ་མིན”ཞེས་བཤད།
   ཟླ་3ཚེས་29ཉིན། མཚོ་སྔོན་ཞིང་ཆེན་རིག་རྩལ་ལྷན་ཚོགས་གཞུང་གི་དྲ་ཚིགས་སུ་དོན་དག་འདི་ཐག་གཅོད་བྱས་འབྲས་བརྡ་ཁྱབ་བཏང་། ཞིང་ཆེན་རིག་རྩལ་ལྷན་ཚོགས་ཏང་ཙུའུ་ཡིས་ཞིབ་འཇུག་བྱས་པར་བརྒྱུད། བློ་མཐུན་ཝང་ཞའོ་ལིས་འགན་འཁྲི་མཚམས་འཇོག་པ་དང་ཞིབ་བཤེར་བྱ་རྒྱུའི་ཐག་བཅད་པ་རེད།
   ཝང་ཞའོ་ལི། 1975ལོའི་ཟླ་9པར་མཚོ་སྔོན་དུ་སྐྱེས། ཞི་ཨན་མཛེས་རྩལ་སློབ་གླིང་རྒྱལ་ཁབ་རི་མོའི་ཆེད་ལས་ནས་མཐར་ཕྱིན་པ་དང་། ཀྲུང་གོའི་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་། ཀྲུང་གོའི་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ལས་འཛིན་རེད། 2020ལོར་མཚོ་སྔོན་ཞིང་ཆེན་མཛེས་རྩལ་པའི་མཐུན་ཚོགས་སྐབས་བདུན་པའི་ཀྲུའུ་ཞིར་བསྐོས་པ་རེད།
   མཱ་ཧན་སུང་། 1949ལོར་ཐེན་ཅིན་དུ་སྐྱེས། 1978ལོ་ནས་བཟུང་མུ་འབྲེལ་རི་མོ་བརྩམས་ཆོས་70པར་སྐྲུན་བྱས། ཀྲུང་གོའི་མུ་འབྲེལ་རི་མོའི་བྱ་དགའ་དཔྱད་འདེམས་སྐབས་བཞི་པའི་བྱ་དགའ་ཨང་གཉིས་པ་དང་ཕུལ་བྱུང་མདུན་ཤོག་གི་བྱ་དགའ་ཐོབ། མུ་འབྲེལ་རི་མོ《ཨ་ལི་པ་པ་དང་ཇག་པ་ཆེན་པོ་བཞི་བཅུ》བྲིས་མྱོང་ལ། མི་མང་པོར་བྱིས་དུས་སུ་བག་ཆགས་ཟབ་མོ་བཞག་མྱོང་། 1990ལོའི་རྗེས་སུ། ཀྲུང་གོའི་རི་མོ་གསར་རྩོམ་དུ་ཞུགས་ཤིང་ཆེད་ལས་ཀྱི་བྱ་དགའ་མང་པོ་ཐོབ། ཁོང་ནི་ཀྲུང་གོའི་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་། ཐེན་ཅིན་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ལས་འཛིན། ཐེན་ཅིན་རི་མོ་སློབ་གླིང་གི་རི་མོ་བ་བཅས་རེད།