འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་31ཉིན།

༄༅།།བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་31ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཐན་ཅིན་ཝུན་དང་སྐལ་བཟང་དཔལ་འབྱོར།
   དཔྱིད་ཟླ་གསུམ་པར་བོད་ལྗོངས་ལྷོ་ཁའི་དུམ་བུར་གནས་པའི་ཡར་ཀླུང་གཙང་པོའི་ངོགས་གཉིས་སུ་ཚང་ཚིང་ལྗོན་ཤིང་གིས་ཡོངས་སུ་བརྒྱན།
   ལོ་40ཡི་གོང་དུ། དེ་གར་ས་བབ་དང་གནམ་གཤིས་སོགས་ཀྱི་ཤུགས་རྐྱེན་ཐེབས་པས་བོད་དུ་སྐད་གྲགས་ཆོད་པའི་བྱེ་ཐང་ཡིན། རྒྱུན་དུ་བྱེ་རླུང་ལྡང་ཚེ་ཁྱིམ་ཡང་མཐོང་དཀའ་བའི་སྣང་ཚུལ་ཞིག་མངོན་གྱི་ཡོད།
   དུས་རབས་20པའི་ལོ་རབས་80པ་ནས་བཟུང་། བོད་ཀྱིས་ཡར་ཀླུང་གཙང་པོའི་ལྷོ་ཁའི་དུམ་བུར་འགོག་སྲུང་ཤིང་ནགས་བསྐྲུན་པ་དང་། གོང་དཀར་རྫོང་ནས་ཟངས་རི་རྫོང་བར་དུ་རིང་ཚད་སྤྱི་ལེ་160དང་ཞེང་ཚད་སྤྱི་ལེ་1.8ཟིན་པའི་ཡར་ཀླུང་གཙང་པོའི་ལྗང་མདོག་སྐྱེ་ཁམས་བར་འཁྱམས་བཏོད་ཡོད།
   སྐྱེ་ཁམས་འཛུགས་སྐྲུན་གྱི་ཕན་འབྲས་དེ་བས་ཆེ་རུ་གཏོང་ཆེད། ད་ཕན་ལོ་ཤས་རིང་། རིམ་རྩིས་བརྒྱབ་ན་བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་18ཙམ་བཏང་ནས་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། མུའུ་ཁྲིའི་སྡོང་ཕྲུག་རྟེན་གཞི་དང་། མུའུ་སྟོང་གི་སྡོང་ཐུང་ཀུ་ཤུའི་རྟེན་གཞི། མུའུ་སྟོང་གི་རྒུན་འབྲུམ་འདེབས་འཛུགས་རྟེན་གཞི་སོགས་སྐྱེ་ཁམས་ཐོན་ལས་ཀྱི་རྣམ་གྲངས་ཁག་གཅིག་བསྐྲུན་པས་མུའུ་ཁྲིའི་འབྲས་ཤིང་དཔལ་འབྱོར་ཁུལ་ཞིག་ཆགས་ཡོད། ད་ཆ། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་བྱེ་རླུང་གནོད་འཚེར་སྔོན་འགོག་རགས་ཙམ་ཐུབ་ཡོད།
   “བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་གོ་ལ་ཧྲིལ་པོའི་སྐྱེ་ཁམས་དོ་སྙོམས་ཀྱི་འགན་ལེན་ངོས་ནས་བརྗོད་ན་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། མིག་སྔར། བོད་ཀྱིས་གསར་སྤེལ་ཁུལ་གྱི་གཏན་འགོག་དང་བཀག་འགོག་བྱེད་པའི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་80%བཟུང་ཡོད”ཅེས་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་ནོར་རྒྱལ་གྱིས་བརྗོད། ཁོང་གིས“བོད་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྤྱི་ཡོངས་ལས་དོན་ཁྲོད་རང་འགུལ་ངང་མཉམ་འདྲེས་བྱས་ནས་བཀོད་སྒྲིག་དང་དཔྱད་ཞིབ་བྱས་པ། རིམ་རྩིས་ལྟར་ན། མ་དངུལ་སྒོར་དུང་ཕྱུར་121ལྷག་ཙམ་བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་ཐད་སྤྱད་པ་རེད”ཅེས་བརྗོད།
   ངོ་སྤྲོད་བྱས་པར་གཞིགས་ན། ད་ཕན་ལོ་ཤས་རིང་བོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་། ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་ཀྱི་ཚད་གཞི་བཅས་ཕྱོགས་ཡོངས་ནས་དབྱེ་འབྱེད་བྱས་ཏེ། སྤྱི་ལེ་ངོས་གྲུ་ཁྲི་53.9ཟིན་པའི་སྐྱེ་ཁམས་དམར་ཐིག་གིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་45%བཟུང་ཡོད། རྒྱལ་ཁབ་ས་ཆའི་སྔོ་འགྱུར་བྱ་སྤྱོད་མུ་མཐུད་སྤེལ་ནས“གྲོང་ཚོ་དང་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པ་བྱེད་པའི”ལས་འགན་ལེགས་སྒྲུབ་བྱས་ཏེ་ནགས་ཚལ་ཁྱབ་ཚད་12.31%བར་ཆེ་རུ་བཏང་བ་དང་། རིགས་ཁག་གི་སྐྱེ་ཁམས་ནུས་པའི་སྲུང་སྐྱོང་ཁུལ་22བསྐྲུན་ནས་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་ཕྱོགས་ཡོངས་ནས་བསྐྲུན་ཡོད།
   འདི་ལོའི་ཟླ་1ཚེས་24ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་ཁྲིམས་སྲོལ《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ཐོག་མ་བཏོན་ཡོད།
   ནོར་རྒྱལ་གྱིས་སྲོལ་ཡིག་དེས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བོད་ཀྱི་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོ་དང་། མཚོ་བོད་ས་མཐོའི་དམིགས་བསལ་དང་རྩ་ཆེའི་སྲོག་ཆགས་སྲུང་སྐྱོང་། “གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་བཟོ་སྔོ་འགྱུར་བཅས་དང་དེ་བཞིན་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཐད་གཏན་འབེབས་གསར་པ་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དེ་བས་བརྟན་པོ་བསྐྲུན་པར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད།
   སྐྱེ་ཁམས་ཁོར་ཡུག་བཟང་པོས་བོད་ཀྱི་ཡུལ་སྐོར་གྱི་སྤུས་ཀ་ལེགས་སུ་བཏང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་ལས་བྱ་རྒྱུ་ནི་སྤྱི་ཚོགས་ཀྱི་རང་རྟོགས་སུ་གྱུར་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱིས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་གསར་གཏོད་བྱས་ནས་བཏོན་པས། ཡུལ་སྐོར་བའི་མི་ཐེངས་དང་ཡོང་འབབ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་ལྡབ་2.3དང་ལྡབ་2.4སོ་སོར་འཕར་ཡོད། ཞིང་འབྲོག་པ་ཁྲི་8.6གྲོང་གསེབ་ཀྱི་ཡུལ་སྐོར་ནང་ཞུགས་པས་ལོར་མི་རེར་ཆ་སྙོམས་འབབ་འཕར་སྒོར་4300ཡོད་པ་རེད།