འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་31ཉིན།

༄༅།།ཏང་གི་ལོ་རྒྱུས་སློབ་གསོས་རྨ་ཆུའི་ངོགས་ཀྱི་དཔེ་མཚོན་སྔར་བས་མངོན་གསལ་དོད་དུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་31ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   མཚོ་སྔོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལོན་ཡུས་ཅ། འཕྲིན་སྤེལ་བ། ཀུའེ་ཙུའུ་ཤོན།

    ཉེ་ཆར། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་གི་ས་གཞིར་དཔྱིད་རླུང་ལྡང་ཞིང་དཔྱིད་ཀྱི་རྣམ་པ་ཡོངས་སུ་མངོན། གསར་འགོད་པ་ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་ཅོག་རོང་གྲོང་ཚོའི་ཏང་གཤིས་སློབ་གསོའི་རྟེན་གཞི་སྟེ། ཅོག་རོང་གྲོང་ཚོའི་ལོ་རྒྱུས་རིག་གནས་འགྲེམས་སྟོན་ཁང་དུ་སྐྱོད་སྐབས་འགྲེམས་ཁང་དུ་ལྟ་སྐོར་བྱེད་མཁན་ཏང་ཡོན་ལས་བྱེད་པ་ཁག་གཅིག་འཛོམས་འདུག ཁོང་ཚོས་རྨ་སྲིབ་གྲོང་རྡལ་ཏང་སྲིད་གཞུང་དོན་ཁང་གི་དྲུང་ཡིག་ཧྥུའུ་ཧྥེའི་ཧྥན་གྱིས་ངོ་སྤྲོད་བྱས་པའི་ཅོག་རོང་གྲོང་ཚོའི་གྲོང་མི་རྣམས་ཏང་ཨུད་ཀྱི་སྣེ་ཁྲིད་འོག དགའ་འོས་པའི་འཕོ་འགྱུར་བྱུང་ཚུལ་ཉན་གིན་འགྲེམས་ཁང་ནང་གི་དངོས་རྫས་རྙིང་པ་དང་དེ་བཞིན་གྱང་སྟེང་དུ་བཀལ་བའི་ངོ་སྤྲོད་ཡི་གེར་ནན་ཏན་ངང་ལྟ་བཞིན་འདུག
   དུས་རབས་20པའི་ལོ་རབས་70པར། ཅོག་རོང་གྲོང་ཚོའི་གྲོང་མི་ཚོས་ཏང་ཨུད་ཀྱི་སྣེ་ཁྲིད་འོག་དཀའ་སྤྱད་སྙིང་རུས་ཀྱི་སྙིང་སྟོབས་དར་སྤེལ་བཏང་བས་འབྲུ་རིགས་ཀྱི་ཐོན་འབབ་ལོ་རེ་བཞིན་མང་དུ་ཕྱིན་ཏེ། ཅོག་རོང་གྲོང་ཚོ་མཚོ་སྔོན་གྱི་ལོ་རྒྱུས་ཐོག་ཐོན་འབབ་མང་བའི་གྲོང་ཚོ་དང་པོར་གྱུར་པ་མ་ཟད། ཞིང་ལས་འཐབ་ཕྱོགས་ཀྱི་དཔེ་མཚོན་དུ་གྱུར་ཡོད།
   ཧྥུའུ་ཧྥེའི་ཧྥན་གྱིས“མུ་མཐུད་འཐབ་ཕྱོགས་ཀྱི་དཔེ་མཚོན་གཏོད་ཆེད། དུས་རབས་གསར་པའི་གྲོང་ཚོའི་ཏང་ཨུད་སྐབས་རེ་རེས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ནས། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཟམ་མི་ཆད་པར་འཚོལ་ཞིབ་བྱས་ཏེ་འབྲུ་སྣུམ་ལས་སྣོན་ལས་རིགས་དང་། སྐྱེལ་འདྲེན་ལས་རིགས། གསོ་ཚགས་ལས་རིགས་འཕེལ་རྒྱས་བཏང་བའི་རྨང་གཞིའི་ཐོག 2014ལོར་མ་དངུལ་སྒོར་ཁྲི་1500བཏང་ནས། དེ་སྔའི་ས་ཚི་ཅན་གྱི་ས་ཕག་བཟོ་གྲྭར་སྒྱུར་བཀོད་བྱས་ཏེ་མཚོ་ལྷོ་ཀྲོའུ་ཡི་ལྦུ་ལྡང་ཨར་འདམ་འདྲེས་མའི་རྩིག་ལས་དང་ཐལ་མདོག་སོ་ཕག་གི་ཐོན་སྐྱེད་སྒྲུབ་རིམ་བསྐྲུན་སྟབས། ལོ་རེའི་ཁེ་གཙང་ཡོང་འབབ་སྒོར་ཁྲི་150ཟིན་གྱི་ཡོད། དེ་རྗེས། གྲོང་ཚོའི་ཏང་ཨུད་ཀྱིས་སྣེ་ཁྲིད་དེ་དབུལ་སྐྱོར་ཐོན་ལས་གླིང་འཆར་འགོད་འཛུཌ་སྐྲུན་བྱས་པ་མ་ཟད། སྤྱོད་འགོ་ཚུགས་ཡོད། སྔོན་དཔག་ལྟར་ན། ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་འབབ་འཕར་སྒོར་ཁྲི་60ལྷག་ཙམ་ཡོང་གི་ཡོད་པས་གྲོང་ཚོ་ཧྲིལ་པོའི་མང་ཚོགས་ཚོའི་འབབ་འཕར་ཕྱུག་འགྱུར་ཐབས་ལམ་ཡངས་སུ་འགྲོ་རྒྱུ་རེད”ཅེས་བཤད།
   ཉེ་བའི་ལོ་ཤས་རིང་། གྲོང་ཚོའི་ཏང་ཨུད་ཀྱིས་ཅོག་རོང་གྲོང་ཚོའི“རྨ་ཆུའི་འགྲམ་གྱི་ནམ་ཡང་གནས་པའི་དཔེ་མཚོན”གྱི་རིག་གནས་ནང་དོན་ཕུན་སུམ་ཚོགས་པོ་སྔོག་འདོན་གཏིང་ཟབ་བྱས་ཏེ། སྐབས་རིམ་བྱུང་གི་ཏང་རྩ་འཛུགས་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་གནམ་ས་དང་འཐབ་ནས་དཀའ་སྤྱད་ལས་གཏོད་ཀྱི་སྔོན་ཐོན་བྱས་རྗེས་བརྗོད་གཞིར་བྱས་ནས་མ་དངུལ་སྣ་ཚོགས་སྒོར་ཁྲི་550ལྷག་ཙམ་བསྡུ་སྒྲིལ་བྱས་པ་མ་ཟད། “ཅོག་རོང་གྲོང་ཚོའི་གཟི་བརྗིད་ལོ་རྒྱུས་འགྲེམས་སྟོན་ཁང”ལྟེ་བར་བྱས་པའི་ཏང་ཡོན་སློབ་གསོའི་གསོ་སྦྱོང་གི་རྟེན་གཞི་གཙོ་བོ་དང་འགྲེམས་ཁང་གཙོ་བོ་བསྐྲུན་པ་རེད།
   “སླད་ཕྱིན་ཁྲི་ཀ་རྫོང་གིས་མུ་མཐུད‘གསར་བརྗེའི་ཡུལ་སྐོར་དང་ཏང་གཤིས་སློབ་གསོ’ཟུང་འབྲེལ་བྱེད་ཐབས་སྤྱད་དེ་སྤྱི་ཚོགས་ཡོངས་སུ་ཅོག་རོང་གྲོང་ཚོར་ཤེས་རྟོགས་དང་རྒྱུས་མངའ་ཡོང་བའི་སྐར་ཁུང་བཏོད་དེ། ‘གསར་བརྗེའི’ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བའི་ཁྱད་ལྡན་ཐོན་ལས་ཞིག་ཏུ་འགྱུར་བ་བྱས་ནས། གྲོང་ཚོ་རིམ་པའི་ཐོན་ལས་འཕེལ་རྒྱས་ཀྱི་གཏིང་ཤུཌ་སྔར་བས་ཆེ་རུ་གཏོང་བ་དང་གྲོང་མིའི་འབབ་འཕར་ཐབས་ལམ་ཡངས་སུ་བཏང་སྟེ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་རྒྱུར་རྨང་གཞི་ཡག་པོ་འདིང་བ་དང‘གསར་བརྗེའི་རིག་གནས’ལ་དུས་རབས་ཀྱི་ནང་དོན་གསར་པ་བསྣན་རྒྱུ་རེད”ཅེས་ཆིན་ཀྲི་མིང་གིས་བཤད།