འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་19ཉིན།

༄༅།།ཕུའུ་ཅིང་གིས་པའེ་ཏེང་དང་“ཐད་གཏོང་རྣམ་པ”ཡི་ཐོག་ནས་གླེང་མོལ་བྱ་རྒྱུའི་གྲོས་འགོ་བཏོན།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་19ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་18ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཨ་རིའི་ཙུང་ཐུང་པའེ་ཏེང་དང་“ཐད་གཏོང་རྣམ་པ”ཡི་ཐོག་ནས་གླེང་མོལ་བྱ་རྒྱུའི་གྲོས་འགོ་བཏོན།
ཕུའུ་ཅིང་གིས་ཨུ་རུ་སུའི་བརྙན་འཕྲིན་ཁང་གི་ཐད་གཏོང་ལེ་ཚན་ཞིག་གི་ཐོག་ནས། དེ་སྔོན་ཁོང་དང་པའེ་ཏེང་བར་གྱི་གླེང་མོ་ནི་པའེ་ཏེང་གིས་བཏོན་པ་རེད། ཁོང་གིས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་བར་མུ་མཐུད་དུ་གླེང་མོལ་བྱེད་དགོས་པའི་གྲོས་འགོ་བཏོན་མོད། ཡིན་ནའང་དེ་ནི་སྦ་གསང་སྤུ་ཙམ་ཡང་མེད་པའི“ཐད་གཏོང་རྣམ་པ”ཡི་ཐོག་ནས་ཡོངས་བསྒྲགས་སུ་གླེང་མོལ་ཐུབ་པའི་རེ་བ་ཡོད་ཅེས་བཤད། ཕུའུ་ཅིང་གིས། གླེང་མོལ་ནི་ཚེས་19ཉིན་དང་ཡང་ན་ཚེས་22ཉིན་སྤེལ་རྒྱུའི་རེ་བ་ཡོད། ཡིན་ནའང་ཨ་རིའི་ངོས་ནས་འོས་ཤིང་འཚམ་པའི་དུས་ཚོད་ནང་སྤེལ་ནའང་ཆོག ཁོང་གིས་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ལ་འབྲེལ་ཡོད་ལས་དོན་སྒྲུབ་དགོས་པའི་མཛུབ་སྟོན་བྱས་ཡོད་ཅེས་བསྟན།
    ཕུའུ་ཅིང་གིས་བསྟན་དོན། ཉིང་རྡུལ་རྒྱལ་ཁབ་ཆེན་པོས་གོ་ལ་ཧྲིལ་པོའི་འཐབ་ཇུས་བདེ་འཇགས་སྲུང་སྐྱོང་གི་འགན་འཁྲི་ཁུར་ཡོད་པས། ཨུ་རུ་སུ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་དེའི་ཐད་ཀྱི་གླེང་མོལ་ལ་དགའ་སྣང་སྐྱེ་ངེས་ཡོད། གླེང་མོལ་བྱ་རྒྱུར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་འཐབ་ཇུས་བརྟན་ལྷིང་། རིམས་འགོག་དེ་བཞིན་ས་ཁུལ་བར་གྱི་འཁྲུག་རྩོད་སོགས་ཀྱི་གནད་དོན་ཚུད་ཐུབ་པའི་རེ་བ་ཡོད་ཅེས་བསྟན།
    ཨ་རིའི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ཕུའུ་ས་ཅིས་ཚེས་18ཉིན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་པའེ་ཏེང་དང་ཕུའུ་ཅིང་གཉིས་ངོ་ཤེས་ནས་ལོ་མང་སོང་ཞིང་། ཁོང་གཉིས་ཀས་ཐུན་མོང་ཐོག་ཨ་རི་དང་ཨུ་རུ་སུའི་འབྲེལ་བའི་ཐད་ཀྱི་དུས་རིམ་མང་པོ་བརྒྱུད་མྱོང་ཡོད། པའེ་ཏེང་ལ་ཕུའུ་ཅིང་དང་མུ་མཐུད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཤུགས་རྒྱག་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད།
    ཨུ་རུ་སུ་དང་ཨ་རིའི་འབྲེལ་བ་དེ་ཉེ་བའི་ལོ་འགའི་རིང་ཛ་དྲག་ཆེ་བའི་གནས་སུ་ཆགས་པ་སྟེ། དྲ་རྒྱ་བདེ་འཇགས་དང་། ནུས་ཁུངས་བདེ་འཇགས། དམག་དོན་ཚོད་འཛིན། དེ་བཞིན་ས་ཁུལ་གྱི་གླེང་གཞི་ཚ་ཤོས་གནད་དོན་ཐད་ལ་རྒྱལ་ཁབ་གཉིས་པོར་ཕྱོགས་འགལ་མངོན་གསལ་དོད་པོ་ཐོན་ཡོད། གསར་འགྱུར་སྤེལ་བར་གཞིགས་ན། ཨ་རིའི་གསང་འཕྲིན་སྡེ་ཚན་གྱིས་ཚེས་16ཉིན་སྤེལ་བའི་སྙན་ཞུ་ལས་བཤད་དོན། 2020ལོའི་ཨ་རིའི་ཙུང་ཐུང་འདེམས་བསྐོ་ཆེན་མོའི་རིང་ཨུ་རུ་སུས་ཐེ་རོན་ཕུའུ་ལ་རྒྱབ་སྐྱོར་བྱས་་ནས།  པའེ་ཏེང་བདམས་ཐོན་ཡོང་བའི་འགྲན་བསྡུར་ཚོགས་པ་ལ་རྡུང་གནོན་བྱས་ཡོད་ཅེས་བཤད། ཨུ་རུ་སུའི་ཙུང་ཐུང་གསར་འགྱུར་དྲུང་ཡིག་ཕའེ་སི་ཁོ་ཧྥུའུ་ཡིས་ཚེས་17ཉིན་བསྟན་དོན། ཨ་རིས་ཨུ་རུ་སུས་2020ལོའི་ཨ་རིའི་ཙུང་ཐུང་འདེམས་བསྐོ་ཆེན་མོ་ལ་ཐེ་གཏོགས་བྱས་བྱུང་ཟེར་བ་དེ་ནི་ཁུངས་ལུང་སྤུ་ཙམ་མེད་ལ། ར་སྤྲོད་ཀྱང་མ་བྱུང་བ་ཞིག་རེད་ཅེས་བསྟན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་ཚེས་17ཉིན་གསལ་བསྒྲགས་སྤེལ་ཏེ། ཨུ་རུ་སུ་དང་ཨ་རིའི་འབྲེལ་བའི་མདུན་ལྗོངས་བགྲོ་གླེང་བྱ་ཆེད་ཨ་རིར་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་ཆེན་མོ་ཨ་ནཱ་ཐའོ་ལི་·ཨན་ཏུང་ནའོ་ཧྥུའུ་ཕྱིར་འབོད་ཡོད་ཅེས་བཤད།