འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་18ཉིན།

༄༅།།ཕྱི་འབྲེལ་པུས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཕྲལ་དུ་འཇོག་དགོས་ཞེས་བརྗོད་པ།

འབྲེལ་ཡོད་ཕྱོགས་ནས་ཤང་ཀང་དང་འབྲེལ་བའི་མཉམ་འབྲེལ་གསལ་བསྒྲགས་སྤེལ་བར།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་18ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། འབྲེལ་ཡོད་ཕྱོགས་ཀྱིས་ཉེ་ཆར་ཤང་ཀང་དང་འབྲེལ་བའི་མཉམ་འབྲེལ་གསལ་བསྒྲགས་སྤེལ་བར་དམིགས་ནས། ཉེ་ཆར་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ནས་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ནན་པོར་བསྲུངས་ནས། ཤང་ཀང་གི་ལས་དོན་ལ་ཐེ་ཇུས་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཕྲལ་དུ་འཇོག་དགོས་པའི་སྐུལ་མ་གཏོང་གི་ཡིན་ཞེས་བརྗོད།
   ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ཟླ་3ཚེས་12ཉིན། རྒྱལ་ཁབ་བདུན་གྱི་ཚོགས་པའི་ཕྱི་འབྲེལ་པུའུ་ཀྲང་དང་དེ་བཞིན་ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་ཚབ་ཀྱིས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཐོག་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་བར་དམིགས་ནས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལན་གང་ཞིག་སློག་རྩིས་ཡོད་དམ་ཞེས་དྲིས།
   ཀྲའོ་ལི་ཅན་གྱིས། ཉེ་ཆར་རྒྱལ་ཁབ་ཉུང་ཤས་ཀྱིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གཏན་འབེབས་ལ་གནག་སེམས་བཅངས་ནས་དམའ་འབེབས་བཏང་བ་དང་། ཤང་ཀང་གི་ལས་དོན་དང་ཀྲུང་གོའི་ནང་སྲིད་ལ་བཙན་ཤེད་ཀྱིས་ཐེ་ཇུས་བྱས་པར་དམིགས་ནས། ཀྲུང་གོ་ཕྱོགས་ཀྱིས་མི་འདོད་པའི་རྣམ་འགྱུར་དྲག་པོ་སྟོན་རྒྱུ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ཞེས་བརྗོད།
   ཁོང་གིས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་ལ་གཏན་འབེབས་བྱས་པ་འདི་ནི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་བ་དང་ཤང་ཀང་གི་ཡུན་རིང་བདེ་འཁོད་སྲུང་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་འདི་ནི་རྩ་ཁྲིམས་དང་བཅའ་ཁྲིམས་དང་རྦད་དེ་མཐུན་ལ་ཡང་དག་ལུགས་མཐུན་ཞིག་ཀྱང་ཡིན་པས། “རྒྱལ་གཅེས་པས་ཤང་ཀང་སྐྱོང་བ”ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར་སྔར་བས་སྲ་བརྟན་གྱི་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱས་ཏེ། ཤང་ཀང་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་དང་རྩ་བའི་ཁེ་ཕན་སྲུང་སྐྱོང་སྔར་བས་ལེགས་པ་བྱེད་པ་དང་། ཤང་ཀང་གི་དམངས་གཙོའི་ལམ་ལུགས་བརྟན་པོའི་ངང་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་བརྟན་བགྲོད་རྒྱང་འཁྱོལ་འགན་ལེན་བྱེད་ཆེད་རེད། འདི་ནི་སྤུན་ཟླ་ཤང་ཀང་བ་ཚུད་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་རེད་ཅེས་བརྗོད།
   “ཤང་ཀང་ནི་ཀྲུང་གོའི་དམིགས་བསལ་སྲིད་འཛིན་ཁུལ་ཞིག་ཡིན་པ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་ནི་ཀྲུང་གོའི་ས་གནས་ཀྱི་འདེམས་བསྐོའི་ལམ་ལུགས་ཤིག་རེད། ཇུས་འགོད་ཇི་ལྟར་བྱེད་པ་དང་། འཕེལ་རྒྱས་ཇི་ལྟར་གཏོང་བ། འཐུས་སྒོ་ཚང་དུ་ཇི་ལྟར་གཏོང་བ་བཅས་ཚང་མ་ནི་ཀྲུང་གོའི་ནང་སྲིད་ཡིན་པ་ངས་སླར་ཡང་ནན་བཤད་བྱེད་ཀྱི་ཡིན”ཞེས་ཀྲའོ་ལི་ཅན་གྱིས་བརྗོད་པ་དང་། ཁོང་གིས“ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་ཕྱོགས་ནས་ཤང་ཀང་ཀྲུང་གོའི་པང་དུ་ལོག་ནས་ལོ་24སོང་བའི་དངོས་ཡོད་གནས་ཚུལ་ལ་མཐོང་ཆེན་བྱས་ཏེ། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ནན་པོར་བསྲུངས་ནས་ཤང་ཀང་གི་ལས་དོན་ལ་ཐེ་ཇུས་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཕྲལ་དུ་འཇོག་དགོས་པའི་སྐུལ་མ་གཏོང་གི་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་དང་། ཤང་ཀང་གི་ཡུན་རིང་དར་རྒྱས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཆོད་སེམས་དང་ཡིད་ཆེས་ལ་འགྱུར་བ་གཏན་ནས་མེད”ཅེས་བརྗོད།