འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་17ཉིན།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་གཙོ་གནད་ལས་འགན་དང་ལས་བགོས་གཏན་འཁེལ་གནང་བ་དང་། དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱས་ཏེ་དཔལ་འབྱོར་བརྟན་ཐོག་སྲ་བརྟན་དང་བརྟན་པོའི་ངང་རྒྱང་རིང་དུ་སྐྱོད་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་17ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་15ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་3ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་གཙོ་གནད་ལས་འགན་དང་ལས་བགོས་གཏན་འཁེལ་གནང་བ་དང་། དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱས་ཏེ་དཔལ་འབྱོར་བརྟན་ཐོག་སྲ་བརྟན་དང་བརྟན་པོའི་ངང་རྒྱང་རིང་དུ་སྐྱོད་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
   ཚོགས་འདུའི་ཐོག་གྲོལ་མ་ཐག་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་འདི་ལོའི་སྲིད་གཞུང་གི་གཙོ་གནད་ལས་དོན་ཐད་བཀོད་སྒྲིག་བྱས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། འགན་འཁྲི་ཕྲག་ཏུ་འཁུར་བ། སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ། སྲིད་གཞུང་གིས་མི་དམངས་ལ་ཁས་ལེན་བྱས་པ་དག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོར་ཕན་འདོགས་པའི་ཕན་འབྲས་གསར་པར་གྱུར་བ་བྱེད་དགོས་ཞེས་བསྟན་པ་དང་། ཚོགས་འདུས《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་བཏོན་པའི་ཕྱོགས་38ཀྱི་གཙོ་གནད་ལས་དོན་44དེ་དག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་དང་འབྲེལ་ཡོད་ས་གནས་ལ་བགོས་ཏེ་འགན་འཁྲི་དང་ལེགས་གྲུབ་དུས་བཀག་གསལ་པོ་བཟོ་རྒྱུ་ཡིན་པ་རེད།
    ཚོགས་འདུའི་ཐོག་བསྟན་དོན། འདི་ལོའི་ཟླ་དང་པོ་དང་གཉིས་པའི་དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་སླར་གསོ་བྱུང་བ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་མོད། སླར་གསོའི་འཕེལ་རིམ་སྔར་བཞིན་དོ་སྙོམས་པོ་མེད་པ་དང་ཞབས་ཞུའི་ལས་རིགས་དང་། ཕྲན་ཚེགས་ཁེ་ལས། ས་གནས་ཁག་གཅིག་གི་དཔལ་འབྱོར་སླར་གསོར་སྔར་བཞིན་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཡོད། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་གཏན་འཁེལ་གནང་བའི་ལོ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱས་ཏེ་ལུགས་མཐུན་གྱི་བར་མཐོངས་སུ་དཔལ་འབྱོར་འཁོར་སྐྱོད་རྒྱུན་འཁྱོངས་ཡོང་བ་བྱེད་དགོས་པ་སྟེ། གཅིག་ནས་འཛམ་གླིང་དཔལ་འབྱོར་དུས་བབ་ཀྱི་འགྱུར་ལྡོག་དང་དེ་བཞིན་རང་རྒྱལ་ལ་ཐེབས་པའི་ཤུགས་རྐྱེན་ལ་རྗེས་སྙེག་དམ་ཟབ་བྱེད་པ་དང་། རྒྱལ་ནང་གི་དཔལ་འབྱོར་འཁོར་སྐྱོད་བསྡུར་གྲངས་དང་ལོ་གོང་མའི་བསྡུར་གྲངས་ཀྱི་གནས་ཚུལ་ཚན་རིག་དང་མཐུན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ། གནས་ཚུལ་གསར་པ་དང་གནད་དོན་གསར་པར་དབྱེ་ཞིབ་གཏིང་ཟབ་བྱེད་པ། དུས་ཐོག་ཏུ་སྲིད་ཇུས་སྔོན་ཚུད་ནས་ལེགས་སྒྲིག་དང་ལེགས་སྒྲིག་ཕྲན་བུ་བཅས་བྱེད་དགོས་པ་དང་། ལྷག་པར་དུ་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་ཟོག་གོང་བརྟན་པོ་ཡོང་བར་བྱེད་པའི་ལས་དོན་ཡག་པོ་སྒྲུབ་སྟེ་ཁྲོམ་རའི་སྔོན་དཔག་བརྟན་པོ་ཡོང་བ་བྱེད་དགོས། ཉེན་ཁ་དང་མངོན་མེད་རྐྱེན་ངན་འགོག་སེལ་བྱེད་པ་དང་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་ཡོང་བའི་རྨང་གཞི་བརྟན་དུ་གཏོང་དགོས། གཉིས་ནས་གཏན་འཁེལ་ཟིན་པའི་ནོར་སྲིད་དང་། དངུལ་རྩ། ལས་ཞུགས་སོགས་གཞི་ཆེའི་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱེད་དགོས། ཁྱབ་ཁོངས་རྒྱ་སྐྱེད་བཏང་རྗེས་ཀྱི་ནོར་སྲིད་ཀྱི་ཐད་ཀའི་མ་དངུལ་གང་མགྱོགས་གཞི་རིམ་དུ་འབྱོར་བ་བྱས་ཏེ། ལས་ཞུགས་དང་། དམངས་འཚོ། ཁྲོམ་རའི་བྱེད་པོ་བཅས་འགན་ལེན་བྱེད་པའི་ཐད་མངོན་གསལ་དོད་པོས་སྤྱོད་དགོས། རིམ་ཁག་སྲིད་གཞུང་གིས་གཏོང་མཁས་སྤྱོད་མཁས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གཞི་རིམ་གྱི་འཁོར་སྐྱོད་གཏོང་སྒོ་འགན་ལེན་བྱེད་དགོས། ཕྲན་ཚེགས་ཁེ་ལས་ལ་དམིགས་པའི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དང་ལྷག་པར་དུ་གྲུབ་ཆའི་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་གི་བྱ་ཐབས་གསར་པ་དོན་འཁྱོལ་ཡོང་བར་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཕྲ་བྱེད་དགོས། བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་གྲོན་དངུལ་གྱི་བསྡོམས་སྣོན་འཐེན་འཕྲིའི་བསྡུར་གྲངས་མཐོ་རུ་གཏོང་བའི་སྲིད་ཇུས་གང་མགྱོགས་ལག་ལེན་བསྟར་བ་དང་བསྡོམས་རྩིས་རྒྱག་པའི་དུས་བཀག་ཐུང་དུ་བཏང་སྟེ་ཁེ་ལས་ཀྱིས་ལོ་དེ་རང་ལ་མྱོང་ཚོར་ཐུབ་པ་བྱེད་དགོས། གཞི་ཆེའི་འདེགས་ཤིང་ཚད་གཞི་སྤྱིར་ན་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་སྲིད་གཞུང་གི་འདེགས་ཤིང་ཚད་གཞི་ཅུང་ཟད་དམའ་རུ་གཏོང་དགོས། དངུལ་རྩའི་སྒྲིག་གཞིར་གང་མགྱོགས་ཞིབ་ཕྲའི་བྱ་ཐབས་འདོན་རྒྱུར་ཁྲིད་སྟོན་བྱས་ནས་མ་དངུལ་བསྡུ་སྒྲིལ་བྱེད་སྐབས་ཕྲན་ཚེགས་ཁེ་ལས་ལ་སྟབས་བདེ་སྐྲུན་ཤུགས་ཆེ་རུ་གཏོང་བ་དང་ཕྱོགས་བསྡུས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་བརྟན་པོའི་ངང་དམའ་རུ་གཏོང་ཐུབ་པ་བྱེད་དགོས། ནོར་སྲིད་དང་དངུལ་རྩ་སོགས་ཀྱི་སྲིད་ཇུས་ཚང་མ་ལས་ཞུགས་མང་དུ་གཏོང་རྒྱུར་དམིགས་ནས་མཉམ་དུ་ཤུགས་རྒྱག་དགོས། མཐོ་སློབ་སློབ་ཐོན་སློབ་མ་དང་། དམག་ཞབས་ཐིམ་པའི་དམག་མི། ཞིང་པ་ལས་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་ཞབས་འདེགས་ཞུ་བར་ཤུགས་སྣོན་རྒྱག་དགོས། ངལ་རྩོལ་ནུས་ཤུགས་དང་། ཤེས་ལྡན་པ། ཉིན་གླ་བ་བཅས“ཁྲོམ་ར་གསུམ”གྱི་ནུས་པ་བཏོན་ནས་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་དགོས། གསུམ་ནས་གཙོ་གནད་ལས་འགན་ཁག་བགོས་དང་ཞིབ་ཕྲ་བཟོ་དགོས། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་སྲིད་འཛིན་ཆོག་འཐུས་དོན་ཚན་གྱི་གསལ་ཐོའི་དོ་དམ་ལ་སྐུལ་འདེད་མྱུར་པོ་གཏོང་བ་དང་། ཁེ་ལས་དང་འབྲེལ་བའི་ཞིབ་མཆན་གྱི་ལྷུ་ཚིགས་ཉུང་དུ་གཏོང་བ་དང་། དཔྱད་གཞི་ཉུང་དུ་གཏོང་བ། དུས་བཀག་ཐུང་དུ་གཏོང་བ། གྲོན་དངུལ་ཉུང་དུ་གཏོང་བ་སོགས་ཀྱི་ཞིབ་ཕྲའི་བྱ་ཐབས་འདོན་པ་བཅས་བྱེད་དགོས། ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་དང་། སྤོ་སྒྱུར་གཏོང་སྤྲོད། ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུ་ལོན་སོགས་ཀྱི་མ་དངུལ་གང་མགྱོགས་སྤྲོད་པ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་སོགས་ཁྱབ་ཁོངས་ཀྱི་ཞན་ཆ་སེལ་བའི་ཐད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྫོང་དང་ཤང་གི་གཞི་རིམ་དགེ་རྒན་གསོ་སྦྱོང་དང་ལས་ཐོག་ཏུ་སློབ་གནས་མཐོ་རུ་གཏོང་བའི་སྲིད་ཇུས་འདོན་རྒྱུར་རྒྱབ་སྐྱོར་བྱེད་དགོས། སྒོ་བསྟེན་སྨན་ཁང་གི་སྨན་རིན་ཞིང་ཆེན་སྒྲོལ་ནས་ཐད་ཀར་རྩིས་རྒྱག་པ་དང་། སྒོ་བསྟེན་སྨན་ཁང་གི་སྨན་བཅོས་འགན་བཅོལ་གྱི་སྨན་རིན་རྩིས་ཞུ་དང་རྒྱུན་མཐོང་ནད་གཞིའི་སྨན་རྫས་ཀྱི་སྨན་རིན་རྩིས་ཞུའི་ཁྱབ་ཁོངས་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་གང་མགྱོགས་འདོན་དགོས། ཁྲལ་རིན་གཉིས་གཅོག་སོགས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྡེ་ཁུལ་གྱི་རྒན་གསོ་དང་བུ་བཅོལ་གྱི་འཚོ་བ་དང་ཞབས་ཞུའི་ལས་རིགས་སོགས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། བཞི་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པར་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་བླང་བྱ་གཞིར་བཟུང་། ཡུལ་དེ་ག་དང་སྡེ་ཚན་དེ་གའི་ལག་བསྟར་ཇུས་གཞི་གང་མགྱོགས་བཟོས་ཏེ་ལས་དོན་ཁག་འཕེལ་རྒྱས་གཏོང་དགོས། ཁྱབ་ཁོངས་དང་། སྡེ་ཚན། ས་ཁུལ་བཅས་སྒྲོལ་བའི་དོན་ཚན་ལ་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་དགོས། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཐུབ་པའི་འགན་ལེན་བྱེད་དགོས།
   ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།