འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་17ཉིན།

༄༅།།ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དཔེ་དེབ་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་དང་ཆེད་དོན་སྒྲོག་འགྲེལ་སྐུལ་
སློང་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

ཝང་ཧུའུ་ཉིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་17ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དཔེ་དེབ་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་དང་ཆེད་དོན་སྒྲོག་འགྲེལ་སྐུལ་སློང་ཚོགས་འདུ་ཚེས་15ཉིན་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། དགོངས་དོན་རྟོགས་པ། དོན་དངོས་སྒྲུབ་པ། འགོ་གསར་པ་འཛུགས་པ་བཅས་ལ་དམ་པོར་དམིགས་ཏེ་སློབ་སྦྱོང་གི་དཔྱད་གཞི་ཡག་པོ་སྦྱོང་བ་དང་ཡག་པོ་སྤྱོད་པ་དང་ཆེད་དོན་སྒྲོག་འགྲེལ་ཡག་པོ་སྤེལ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཕན་འབྲས་ཏན་ཏིག་ཐོན་རྒྱུར་སྐུལ་འདེད་བཏང་ཐོག་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་གསུངས་པ་རེད།
    ཝང་ཧུའུ་ཉིང་གིས་གསུངས་དོན། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སྐོར་གླེང་བ》དང་། 《མའོ་ཙེ་ཏུང་དང་། ཏེང་ཞའོ་ཕིང་། ཅང་ཙེ་མིན། ཧུའུ་ཅིན་ཐའོ་བཅས་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སྐོར་གྱི་རྣམ་བཤད་བཤུས་སྒྲིག》 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་སྐོར་གྱི་དྲི་བ་དྲིས་ལན》 《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་མདོར་བསྡུས》བཅས་སློབ་སྦྱོང་ནན་ཏན་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཐད་ཤུགས་བརྒྱབ་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཟམ་མི་ཆད་པར་གོང་མཐོར་གཏོང་བ་དང་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས། ཏང་གི་ལོ་རྒྱུས་ཆེད་དོན་སྒྲོག་འགྲེལ་རྒྱ་ཁྱབ་དང་གཏིང་ཟབ་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་དང། གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱོད་པ། གཞི་རིམ་ལ་ཕྱོགས་རྒྱུར་སྣང་ཆེན་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་ཚད་དང་། རྒྱལ་ཁབ་དང་མི་རིགས་ལ་ཕུལ་བའི་ལེགས་སྐྱེས་རླབས་པོ་ཆེ། ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་མི་དམངས་ཆེད་ཀྱི་ཐོག་མའི་དམིགས་ཡུལ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་སྐུལ་འདེད་བཏང་བ་ལས་གྲུབ་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན། ཡུན་རིང་འབད་འཐབ་བྱས་ཏེ་བཏོད་པའི་སྙིང་སྟོབས་རླབས་པོ་ཆེ། གསར་བརྗེ་འཛུགས་སྐྲུན་དང་སྒྱུར་བཅོས་ལ་བདེ་བླག་ངང་སྐུལ་འདེད་བཏང་བའི་རྩ་ཆེའི་ཉམས་མྱོང་བཅས་གསལ་པོ་བཤད་དེ་ལས་བྱེད་པ་དང་མང་ཚོགས་ཀྱིས་ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས་པ་བཅས་རེད།