འཚོལ་བཤེར།   
藏文频道
2021ལོའི་ཟླ་3ཚེས་1ཉིན།

༄༅།།སྲིད་དོན་དཔྱད་གཏམ་གྱི་ཆེད་དོན་པར་གཞི་ཆེ་གྲས་ཀྱི་དཔེ་སྐྲུན་དངོས་པོ《དབུལ་པོའི་གནས་ལས་
བསྒྲལ་བ》རྒྱལ་ཁབ་ཕྱི་ནང་དུ་བཀྲམ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 03ཚེས་01ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་2ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་27ཉིན་སྲིད་དོན་དཔྱད་གཏམ་གྱི་ཆེད་དོན་པར་གཞི་ཆེ་གྲས་ཀྱི་དཔེ་སྐྲུན་དངོས་པོ《དབུལ་པོའི་གནས་ལས་བསྒྲལ་བ》རྒྱལ་ཁབ་ཕྱི་ནང་དུ་འགྲེམ་སྤེལ་བྱེད་པའི་བྱེད་སྒོ་པེ་ཅིང་དུ་གཉེར་བ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཐའེ་ཀྲང་དང་སྤྱི་ཁྱབ་རྩོམ་སྒྲིག་པ་གཅིག་ལྕོགས་ཧྲེན་ཧའེ་ཞུང་དང་། ཀྲུང་དབྱང་གྲོང་གསེབ་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་དང་རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་ཝང་ཀྲེང་ཕུའུ་སོགས་བྱེད་སྒོར་ཞུགས་པ་དང་འབྲེལ་མཉམ་དུ་དཔེ་སྐྲུན་འགྲེམས་སྤེལ་བྱེད་སྒོ་སྤེལ་འགོ་བཙུགས་པ་རེད།
    ཧྲེན་ཧའེ་ཞུང་གིས་ཤིས་ཚིག་སྒྲོན་སྐབས་རླབས་ཆེན་གྱི་དུས་རབས་ལ་བསྟོད་གླུ་འབུལ་བ་དང་ལོ་རྒྱུས་ཀྱི་བྱ་སྤྱོད་རླབས་ཆེན་ཟིན་ཐོར་འགོད་པ་ནི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ལས་འགན་རེད། ཟླ་2ཚེས་18ཉིན་ནས་བཟུང་སྤྱི་ཁྱབ་ལས་ཁུངས་འོག་གི་ཀུན་འདུས་སྨྱན་སྦྱོར་གྱི་ལས་སྟེགས་མང་པོར་སྲིད་དོན་གྱི་ཆེད་དོན་པར་གཞི་ཆེ་གྲས《དབུལ་པོའི་གནས་ལས་བསྒྲལ་བ》བཏོན་པ་དང་། ལེ་ཚན་ཧྲིལ་པོ་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་དམ་པོར་དམིགས་ཏེ་ཁ་གསལ་གོ་བདེའི་དབྱེ་ཞིབ་དང་། འགག་རྩའི་ལྷུ་ཚིགས་འཚོལ་ཞིབ། དོན་སྙིང་ཆེན་པོ་ལྡན་པའི་རྒྱས་བཤད། མི་སེམས་འགུལ་བའི་བརྙན་ཕབ་གསར་བཟོ་བཅས་གསར་རྩོམ་གྱི་དམིགས་ཡུལ་དུ་བཟུང་སྟེ། ནང་དོན་ཧྲིལ་པོར་གནད་སྨིན་དབུལ་སྐྱོར་དང་། གནད་སྨིན་དབུལ་སྒྲོལ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་བཅས་ཀྱི་རླབས་ཆེ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་མངོན་པར་བྱས་ཡོད་པ་དང་། འཛམ་གླིང་སྐྱེ་བོ་ཀུན་ལ་ཀྲུང་གོའི་ངོ་མཚར་བཀོད་པའི་བརྙན་ཕབ་ཀྱི“ལོ་རྒྱུས་ཟིན་ཐོ”ཞིག་སྐྱེས་སུ་ཕུལ་ཡོད་ཅེས་ནན་བཤད་བྱས་པ་རེད།