འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་22ཉིན།

༄༅།།ཀྲུང་གོ་དང་རྒྱ་གར་དབར་དམག་དཔོན་རིམ་པའི་གྲོས་ཚོགས་ཐེངས་བཅུ་པ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་22ཉིན། 16:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་21ཉིན། གསར་འགོད་པས་རྒྱལ་སྲུང་པུའུ་ནས་ཤེས་རྟོགས་བྱུང་གསལ། ཟླ་2ཚེས་20ཉིན། ཀྲུང་གོ་དང་རྒྱ་གར་གྱི་དམག་ཕྱོགས་ཀྱིས་མོ་རྡོ་དང་ཆུ་ཤུལ་ཞེས་ཟེར་བའི་ཐུག་འཕྲད་བྱེད་གནས་ཀྱི་ཀྲུང་གོའི་མངའ་ཁོངས་ཕྱོགས་དེར་དམག་དཔོན་རིམ་པའི་གྲོས་ཚོགས་ཐེངས་བཅུ་པ་ཚོགས་པ་རེད། 
    ཕྱོགས་གཉིས་པོས་དེའི་གོང་མཚོ་མོ་ངང་ལག་རིང་པོའི་ཁུལ་གྱི་འཐབ་ས་དང་པོའི་དམག་ཤུགས་ཕྱིར་བཤིག་བྱེད་རེས་བྱས་པར་གདེང་འཇོག་ཡག་པོ་བྱས་པ་དང་། དེ་ནི་གལ་ཆེའི་འཕེལ་རིམ་ཞིག་ཡིན་ཞིང་། དེས་ཀྲུང་གོ་དང་རྒྱ་གར་ས་མཚམས་ནུབ་རྒྱུད་ཀྱི་དོན་དངོས་ཚོད་འཛིན་ས་ཁུལ་གྱི་གནད་དོན་གཞན་དག་ཐག་གཅོད་བྱ་རྒྱུར་རྨང་གཞི་བཏིང་ཡོད་པའི་ངོས་འཛིན་བྱས་ཡོད།  ཕྱོགས་གཉིས་པོས་ནུབ་མཚམས་ཀྱི་དོན་དངོས་ཚོད་འཛིན་ས་ཁུལ་གྱི་གནད་དོན་གཞན་དག་ཐད་ཁ་ཞེ་གཉིས་མེད་ཀྱིས་དྲང་བདེན་ཐོག་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་པ་རེད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་དབུ་ཁྲིད་བར་བྱུང་བའི་བཞེད་མཐུན་གལ་ཆེན་ལ་བརྩི་སྲུང་ཞུས་ཏེ། མུ་མཐུད་སྐད་ཆ་ཤོད་རེས་རྒྱུན་འཁྱོངས་བྱས་ཐོག   ས་ཆ་དེའི་གནས་བབ་ཚོད་འཛིན་བརྟན་ལྷིང་ཡོང་བ་བྱ་རྒྱུ་དང་། བརྟན་པོ་དང་གོ་རིམ་ལྡན་པའི་ངང་ཕྱོགས་གཉིས་ཀས་དང་ལེན་བྱེད་ཐུབ་པའི་ཐག་གཅོད་ཇུས་གཞི་ཞིག་འདོན་ཐུབ་པ་བྱས་ནས་ཐུན་མོང་ཐོག་མཐའ་མཚམས་ས་ཁུལ་ཞི་བདེ་དང་ལྷིང་འཇགས་སྲུང་སྐྱོང་བྱ་རྒྱུར་མོས་མཐུན་བྱས་ཡོད་པ་རེད།