འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་19ཉིན།

༄༅།།ནད་དུག་ཕུགས་འདེད་གནད་དོན་ཐད་ཨ་རི་ལ་དྲི་བ་གསུམ་དྲིས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་19ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ནད་དུག་ཕུགས་འདེད་གནད་དོན་ཐད་ཨ་རི་ལ་དྲི་བ་གསུམ་དྲིས།
   མི་དམངས་དྲ་བའི་འཕྲིན། ཨ་རིའི་ཙུང་ཐུང་རྒྱལ་ཁབ་བདེ་འཇགས་ལས་དོན་རམ་འདེགས་པ་སོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་རྒྱལ་སྤྱིའི་རིགས་གཅིག་མཁས་པས་ཀྲུང་གོར་ནད་དུག་ཕུགས་འདེད་ཞིབ་འཇུག་བྱས་པའི་རང་ཚུགས་རང་བཞིན་ལ་དོགས་འདྲི་བྱས་པའི་གནད་དོན་ལ་དམིགས་ནས། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཚེས་18ཉིན། ནུབ་ཕྱོགས་སྲིད་ཚོང་པ་ཁ་ཤས་ཀྱིས་ཁ་གདངས་བ་ནས་རང་ཚུགས་བཤད་ཀྱི་ཡོད། ཡིན་ནའང་རང་ཚུགས་ནི་ནུབ་ཕྱོགས་ཀྱི་བཀའ་ལ་ཉན་དགོས་པ་མ་ཡིན་པ་དང་། ཀྲུང་གོ་ལ་ནག་ཉེས་ཡོད་པར་བརྩི་དགོས་པ་མ་ཡིན་པར། ཚན་རིག་ལ་བརྩི་སྲུང་བྱས་པ་དང་དོན་དངོས་ལ་གཞི་བཟུང་བའི་བྱ་བ་ལས་ད་གཟོད་རང་ཚུགས་ཀྱི་སྙན་ཞུ་གྲུབ་ཐུབ་པ་དང་། ཚན་རིག་དང་མཐུན་པའི་མཇུག་འབྲས་ཐོན་ཐུབ་ཀྱི་ཡོད་ཅེས་བཤད་པ་རེད། རྒྱལ་སྤྱིའི་སྨྱན་སྦྱོར་གྱིས་ད་ལྟ་ནད་དུག་དང་རིམས་ནད་གནས་ཚུལ་དེ་ནི་2019ལོའི་ལོ་སྨད་ནས་བཟུང་འཛམ་གླིང་ས་ཆ་མང་པོ་ནས་ཐོན་ཡོད་པའི་སྐོར་གྱི་གནས་འཕྲིན་ཇེ་མང་ནས་ཇེ་མང་སྤེལ་བཞིན་ཡོད། 2020ལོའི་ཟླ་3པར། ཨ་རི་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གྱིས་སྤྱི་བསྒྲགས་སུ་ངོས་འཛིན་བྱས་པ་སྟེ། ཨ་རིའི་2019ལོའི་སྟོན་དུས་མཚམས་ཀྱི་ཆམ་རིམས་ཀྱིས་ཚེ་འདས་ནད་ཁག་ཅིག་ལ་དོན་དངོས་སུ་ཏོག་གསར་གློ་ཚད་ཕོག་ཡོད་ཤས་ཆེ། ད་དུང་གནས་འཕྲིན་སྤེལ་དོན། 2019ལོའི་ཟླ་12པའི་ཨ་རིའི་ཁྲག་འབུལ་མཁན་ཁ་ཤས་ཀྱི་དཔེ་ཁྲག་ནང་དུའང་ཏོག་གསར་ནད་དུག་གི་འགོག་གཟུགས་ཡོད་པ་གནས་འཕྲིན་ལ་ལ་ལས་མངོན་ཡོད་པ་རེད། “ཨ་རི་ཕྱོགས་ཀྱིས་འབྲེལ་ཡོད་གདོད་མའི་གྲངས་གཞི་ཚང་མ་མཁོ་འདོན་བྱེད་ཐུབ་དང་མི་ཐུབ་བམ། ཨ་རི་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་ཁྱོན་ཡོངས་ནས་འཐུས་སྒོ་ཚང་བའི་མཉམ་ལས་བྱེད་ཐུབ་དང་མི་ཐུབ་བམ། ཨ་རི་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིགས་གཅིག་མཁས་པ་ཨ་རི་ལ་ནད་དུག་ཕུགས་འདེད་རྟོག་ཞིབ་བྱེད་པར་ཕེབས་པའི་གདན་འདྲེན་ཞུས་ནས། རང་ཚུགས་ཀྱི་མཇུག་བསྡོམས་ཤིག་འབྱུང་ཐུབ་དང་མི་ཐུབ་བམ ”ཞེས་ཧྭ་ཁྲུན་ཡིས་ཀྱིས་བཤད། ཀྲུང་གོ་ཕྱོགས་ཀྱིས་སྒོ་འབྱེད་དང་ཁ་གསལ་གྱི་རྣམ་འགྱུར་ཐོག་ནས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིགས་གཅིག་མཁས་པ་དང་ཧ་ཅང་གཏིང་ཟབ་དང་ཆེད་ལས། ཚན་རིག་དང་མཐུན་པའི་མཉམ་ལས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་དག་གིས་ཀྱང་ཧུར་བརྩོན་ཆེན་པོས་ཚན་རིག་དང་མཐུན་ཞིང་མཉམ་ལས་ཀྱི་རྣམ་འགྱུར་བཟུང་ནས། གོ་ལ་ཡོངས་ནས་ནད་དུག་ཕུགས་འདེད་བྱེད་པ་དང་། ཞིབ་འཇུག་འབྲས་བུ་མཉམ་རོལ་བྱེད་པ། ཐུན་མོང་ཐོག་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་དང་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་འཛུགས་སྐྲུན་བྱེད་དོན་དུ་མཉམ་དུ་དགོས་ངེས་ཀྱི་འགན་འཁྲི་དང་འོས་འགན་འཁུར་དགོས་ཞེས་བཤད།