འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་10ཉིན།

༄༅།།སི་ཁྲོན་དཀར་མཛེས་ནས་བོད་ཀྱི་ལོ་གསར་གྱི་དར་སྲོལ་གསར་པ་མངོན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་10ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་2ཚེས་6ཉིན་གློག་འཕྲིན་འབྱོར་གསལ། 2021ལོའི་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཉིན་གཅིག་ལ་འཁེལ་བ་དང་། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ས་གནས་ཁག་གི་མང་ཚོགས་ཀྱིས་སྔ་ས་ནས་ལོ་གསར་གྱི་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་། ཁོང་ཚོའི་ཁྲོད་དབུལ་སྒྲོལ་བྱུང་མ་ཐག་པའི་མི་ལ་ལས་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་འཚོ་བ་གསར་པ་བསུ་བཞིན་ཡོད་པ་དང་། ལ་ལ་རིམས་ནད་ཀྱིས་རྐྱེན་པས་ནང་མི་དང་མཉམ་འཛོམས་ཐུབ་མེད་མོད། ཁྱད་ལྡན་གྱི་ལོ་གསར་མཁོ་ཆས“སྦྲག་བསྐུར”བྱས་ཏེ་དུས་ཆེན་གྱི་སྤྲོ་སྣང་མཚོན་པར་བྱེད་བཞིན་ཡོད།
   དཀར་མཛེས་ཀྲོའུ་ལི་ཐང་རྫོང་ཚོ་གསུམ་ཤང་ལྷ་མགོ་གྲོང་ཚོ་ནི་མཐའ་བཞི་གངས་རིས་བསྐོར་ཞིང་། མཛེས་ལྗོངས་ལྟ་ན་སྡུག་པའི་ས་མཐོའི་གྲོང་ཚོ་ཆུང་ཆུང་ཞིག་ཡིན་ཞིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་3700ཡོད་པ་དང་། ས་མ་འབྲོག་ལས་གཙོ་བོ་བྱེད་ཀྱི་ཡོད་ལ་གྲོང་ཚོར་ནས་གཞི་ཁྱོན་ཆེན་པོ་བཏབ་ཡོད།
   ལོ་གསར་འཆར་ལ་ཉེ་བའི་མཚམས་སུ། ལྷ་མགོ་གྲོང་ཚོའི་གྲོང་མི་ཚོ་ལས་ལ་བྲེལ་བཞིན་ཡོད་པ་དང་། གྲོང་ཚོས་ན་ནིང་ཞིབ་འཇུག་གསར་སྤེལ་བྱས་པའི་ནས་ནག་གི་ཏན་ཞིམ་དྲ་ཐོག་ལས་སྟེགས་བརྒྱུད། ཕྱིར་ཚོང་ཡག་པོ་ཐུབ་སྟེ་ནས་ནག་ཏན་ཞིམ་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་30ཟིན་པ་རེད། འདི་ལོའི་ལོ་འགོར་སྐུ་མགྲོན་ཁ་ཤས་ཀྱིས་ལག་རྟགས་བྱེད་ཆོག་པའི་ནས་ནག་ཏན་ཞིམ་ཁུག་མ་བཟོ་རྒྱུའི་རེ་བ་བཏོན་པས་གྲོང་ཚོས“ནས་ཀྱི་ཏན་ཞིམ་གྱི་ཁུག་མ་ཆེན་པོ”ཆེད་མངགས་བཟོས་པ་རེད།
   ཧང་སངས་དགོས་པ་ཞིག་ལ་ཐོན་རྫས་ཕྱིར་ཚོང་བྱས་མ་ཐག་བྲིན་ཁ་རྒྱུག་པོ་བྱུང་བ་རེད། བཟོ་གྲྭར་མ་བཅོས་རྒྱུ་ཆ་འདང་ངེས་མཁོ་འདོན་བྱ་ཆེད། ལྷ་མགོ་གྲོང་ཚོའི་གྲོང་མི་ཚོས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ནས་འཐག་པ་དང་། སྤུས་ཚད་ཚད་ལེན། ཐུམ་སྒྲིལ་རྒྱག་པ་སོགས་གྲོང་ཚོ་ཡོངས་ཀྱི་གྲོང་མི་ཚོ་ལས་ལ་བྲེལ་བཞིན་ཡོད།
   ལྷ་མགོ་གྲོང་ཚོའི“80ནང་སྐྱེས”ཀྱི་གྲོང་སྡོད་ཧྲུའུ་ཅི་དང་པོ་ཝུན་ཞུའེ་སུང་ཉེ་ཆར་བཟོ་གྲྭ་དང་འབྲེལ་གཏུག་གི་ལས་ལ་བྲེལ་ནས་ཐོན་སྐྱེད་དང་ཕྱིར་ཚོང་མཐུན་སྦྱོར་བྱེད་བཞིན་མཆིས། “དཀའ་སྤྱད་ངལ་རྩོལ་ཁྲོད་ལོ་གསར་བསུ་བཞིན་ཡོད་པས་ང་ཚོར་སྤྲོ་སྣང་ཆེན་པོ་ཡོང་གི་འདུག”
   དུས་ཆེན་འཆར་རིམ་བཞིན་སི་ཁྲོན་དང་བོད་ལྗོངས་ཀྱི་ས་མཚམས་སུ་གནས་པའི་དཀར་མཛེས་ཀྲོའུ་དཔལ་ཡུལ་རྫོང་བོད་རིགས་མང་ཚོགས་ཁྱིམ་དུ་ཟས་མཆོག་ཅིག་ཡིན་གཅིག་གྲ་སྒྲིག་བྱེད་དགོས་པ་ནི་ཁ་ཟས་རེད། འདི་ལོའི་དགུན་ཁར་རིམས་ནད་ཀྱི་ཤུགས་རྐྱེན་ལས་གླ་པ་རྒྱུག་མཁན་གྱི་གཞོན་ནུ་མི་ཉུང་བ་ཞིག་ས་ཆ་དེ་རང་དུ་ལོ་གསར་གཏོང་གི་ཡོད་པས་ཕྱི་ལོགས་ལ་ཡོད་པའི་ཕྲུ་གུས་ཁྱིམ་གྱི་དྲོ་སྐྱིད་ཚོར་བ་བྱ་ཆེད་ནང་མིས་ཕ་ཡུལ་གྱི་ཁྱད་ཆོས་ལྡན་པའི་ལོ་གསར་གྱི་ཁ་ཟས་བཟོས་ནས་བསྐུར་གྱི་ཡོད་པ་རེད།
   ས་ཆ་དེ་གའི་གྲོང་མི་དཔའ་གཡང་གི་བུ་མོ་ཆེ་བ་ནི་སྨན་གཡོག་ཡིན་ཞིང་། དཀར་མཛེས་ཀྲོའུ་མི་དམངས་སྨན་ཁང་དུ་ལས་ཀ་བྱེད་ཀྱི་ཡོད། ལས་ཀ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དགོས་མཁོ་ལས་འདི་ལོ་དར་མདོ་རྫོང་དུ་སྡོད་བྱ་བྱེད་དགོས་ཀྱི་ཡོད། བུ་མོ་ཆུང་བ་ཧྲང་ཧའེ་རུ་ལས་ཀར་ཡོད་པས་ས་ཆ་དེ་རང་དུ་ལོ་གསར་གཏོང་རྒྱུའི་ཐག་བཅད་པ་རེད།
   བུ་མོ་གཉིས་ཀྱིས་ལོ་གསར་རིང་ཕ་ཡུལ་གྱི་ཟས་མཆོག་ལོངས་སུ་སྤྱོད་ཐུབ་ཆེད། དཔའ་གཡང་གིས་གྲོ་ཞིབ་རྒྱ་མ་50གྲ་སྒྲིག་བྱས་ཏེ་ཁ་ཟས་བཟོས་ནས་ཁོང་གཉིས་ལ་བསྐུར་རྩིས་བྱེད་ཀྱི་འདུག
   “ཁ་ཟས་ནི་ང་ཚོས་ལོ་གསར་བསུ་བའི་སྲོལ་རྒྱུན་ཞིག་ཡིན་པས་ད་ལོ་ཕྲུ་གུ་གཉིས་ཁྱིམ་དུ་ལོག་ཐུབ་མེད་མོད། ལོ་གསར་གྱི་ཟས་མཆོག་ཁོང་གཉིས་ལ་བསྐུར་ནའང་གཅིག་པ་རེད”ཅེས་དཔའ་གཡང་གིས་བཤད།