འཚོལ་བཤེར།   
藏文频道
2021ལོའི་ཟླ་2ཚེས་10ཉིན།

༄༅།།ཞི་ཅིན་ཕིང་གིས་ཧོ་པེ་ཞིང་ཆེན་ཕིང་ཧྲན་རྫོང་ཞི་པོ་ཕོ་གྲོང་རྡལ་པེ་ཀྲོང་གྲོང་ཚོའི་ཏང་ཡོན་ཡོངས་ལ་འཕྲིན་
ལན་སྤྲིངས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་10ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཞི་ཅིན་ཕིང་གིས་ཧོ་པེ་ཞིང་ཆེན་ཕིང་ཧྲན་རྫོང་ཞི་པོ་ཕོ་གྲོང་རྡལ་པེ་ཀྲོང་གྲོང་ཚོའི་ཏང་ཡོན་ཡོངས་ལ་འཕྲིན་ལན་སྤྲིངས་ནས། ཡུལ་མི་རྣམས་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་བ་བྱེད་དགོས་པའི་སྐུལ་ལྕག་གནང་བ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་7ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧོ་པེ་ཞིང་ཆེན་ཕིང་ཧྲན་རྫོང་ཞི་པོ་ཕོ་གྲོང་རྡལ་པེ་ཀྲོང་གྲོང་ཚོའི་ཏང་ཡོན་ཡོངས་ལ་འཕྲིན་ལན་སྤྲིངས་ནས། ཡུལ་མི་ཚོར་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད།
   ཞི་ཅིན་ཕིང་གི་འཕྲིན་ལན་ནང་། ལོ་78ཀྱི་གོང་དུ《མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན》ཞེས་པའི་གླུ་གཞས་དེ་ཁྱེད་ཚོའི་དེ་ག་ནས་གྲགས་པས། མི་དམངས་དུང་ཕྱུར་མང་པོས་རྒྱ་ཁྱབ་ངང་གཏོང་བའི་གསར་བརྗེའི་གླུ་གཞས་ཤིག་ཏུ་གྱུར་ཡོད། ད་ཆ། ཁྱེད་ཚོས་ཡུལ་མི་ཚོའི་སྣེ་ཁྲིད་དེ་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས། རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་དངོས་སྒྲུབ་ཀྱིས་དབུལ་ཞྭ་ཕུད་པར་ང་དགའ་ཚོར་ཆེན་པོ་བྱུང་ཞེས་འཁོད་ཡོད།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མཐུན་སྒྲིལ་ནི་སྟོབས་ཤུགས་དང་། སྟོབས་ཤུགས་ནི་ལྕགས། སྟོབས་ཤུགས་ནི་ངར་ལྕགས་བཅས་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་ལོ་རྒྱུས་ནི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བའི་ཆེད་ཐུན་མོང་ཐོག་འབད་འཐབ་བྱས་པའི་ལོ་རྒྱུས་ཤིག་ཡིན། ཞི་པོ་ཕོའི་ལས་བྱེད་པ་དང་མང་ཚོགས་ཚོས་དེར་མྱོང་ཚོར་ཟབ་མོ་ཡོད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཁྱེད་ཚོས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་མཐའ་གཅིག་ཏུ་ཞུ་བ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཡུལ་མི་ཚོས་སྔར་བས་མཐུན་སྒྲིལ་དམ་ཟབ་དང་། གོང་བུ་གཅིག་འགྲིལ། བསམ་བློ་གཏོང་སར་བསམ་བློ་གཏོང་བ། ཤུགས་རྒྱག་ས་གཅིག་ཏུ་རྒྱག་པ་བཅས་བྱས་ནས་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་བ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
   1943ལོའི་ཟླ་6པར། ནུབ་བྱང་གཡུལ་སའི་ཞབས་ཞུ་ཚོགས་པ་ཕིང་ཧྲན་རྫོང་དུ་ཡོང་ནས་གསར་བརྗེའི་འཐབ་རྩོད་ནང་ཞུགས་པ་དང་། རིག་རྩལ་ལས་དོན་པས་པེ་ཀྲོང་གྲོང་ཚོར་གླུ་གར་དང་མིང་གཅིག་མཚུངས་ཀྱི་གླུ་གཞས《མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན》ཞེས་པ་དེ་གསར་རྩོམ་བྱས་པ་མ་ཟད། གྲོང་ཚོ་དེར་ཐོག་མར་འཁྲབ་སྟོན་ཡང་བྱས་པ་རེད། ཉེ་ཆར། པེ་ཀྲོང་གྲོང་ཚོའི་ཏང་ཡོན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཕུལ་ནས། གླུ་གཞས་དེའི་སྐུལ་ལྕག་འོག་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ཚུལ་སྙན་སེང་ཞུས་པ་དེ་ཐོག་ནས་མུ་མཐུད་མང་ཚོགས་ཚོར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བ་དང་སྔར་བས་ཡག་པའི་འཚོ་བ་སྐྱེལ་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད།