འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་18ཉིན།

༄༅།།ལས་དབང་གཅིག་སྦྲེལ། སྐྱིད་སྡུག་མཉམ་མྱོང་།

—— སྤྱིར་བཏང་མིན་པའི་ལོ་ཟླས་ཀྲུང་ཧྥེའི་སྤུན་ཟླའི་མཛའ་གྲོགས་ཀྱི་དཔང་པོ་བྱེད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་18ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ● 2010ལོར། ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་ནང་ཞུགས་པར་ཡོང་བའི་ཁོང་ཀོ(པུའུ)ཡི་ཙུང་ཐུང་སཱ་སུའུ་ཡིས། ཡུལ་ཤུལ་གེགས་ཁུལ་དུ་སློབ་ཆུང་ཞིག་སྐྲུན་འདོད་ཡོད་ཅེས་ཀྲུང་གོ་ཕྱོགས་ལ་བརྗོད། 2012ལོའི་ཟླ་7ཚེས་22ཉིན་ཁོང་ཀོ(པུའུ)ཡིས་བསྐྲུན་རོགས་བྱས་པའི་ཀྲུང་ཁོང་མཛའ་གྲོགས་སློབ་ཆུང་ལས་མཇུག་འགྲིལ་བའི་མཛད་སྒོ་འཚོགས་པ།
    ● ཀྲུང་གོར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དཀའ་ཚེགས་ཧ་ཅང་ཆེ་བའི་དུས་སུ། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ལག་བསྟར་ལས་འཛིན་ལྷན་ཚོགས་ཀྲུང་གོས་རིམས་འགོག་ལ་འབད་འཐབ་བྱེད་པར་ངག་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་ས་ཁུལ་གྱི་རྩ་འཛུགས་གལ་ཆེན་ཨང་དང་པོར་གྱུར་པ་དང་། ཧྥེ་གླིང་གི་རྒྱལ་ཁབ་50ལྷག་ཙམ་གྱི་འགོ་ཁྲིད་མི་སྣས་གློག་འཕྲིན་ནམ་ཡང་ན་གསལ་བསྒྲགས་སྤེལ་ནས་ཀྲུང་གོར་འཚམས་འདྲི་དང་རོགས་སྐྱོར་བྱེད་སེམས་མཚོན་པར་བྱས་ཡོད་ལ། འཕེལ་རྒྱས་འགྲོ་འགོར་བའི་རྒྱལ་ཁབ་ཐིག་དམར་ཀུའི་ནེ་ཡ་ཡིས་ཀྲུང་གོར་ཨ་སྒོར་ཁྲི་200ཞལ་འདེབས་ཕུལ་བ།
    ● 2021ལོའི་ཟླ་1ཚེས་1ཉིན། ཧྥེ་གླིང་སྐམ་ས་ཆེན་པོའི་རང་མོས་ཚོང་དོན་ཁུལ་གྱི་རང་མོས་ཚོང་དོན་གྱི་འགོ་ཚུགས་མཛད་སྒོ་དྲ་ཐོག་ཏུ་སྤེལ་བ་དང་། དེ་ཐོག་ནས་ཧྥེ་གླིང་གི་རང་མོས་ཚོང་དོན་ཁུལ་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་གྱི་ཡོད། ཧྥེ་གླིང་གི་རང་མོས་ཚོང་དོན་ཁུལ་གྱིས་ཧྥེ་གླིང་སྐམ་ས་ཆེན་པོར་གྲུབ་ཆ་ལེགས་སྒྲིག་ཡོང་བར་རམ་འདེགས་བྱས་ཏེ། རིམས་ནད་རྗེས་ཀྱི་དུས་རབས་ཀྱི་ཧྥེ་གླིང་གི་དཔལ་འབྱོར་སླར་གསོར་སྒུལ་ཤུགས་གསར་པ་བསྣན་རྒྱུ་མ་ཟད། ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད།
    ཁྱེད་ཀྱིས་དགའ་བའི་གླུ་ལེན། ངས་སྐྱིད་པའི་བྲོ་གར་འཁྲབ།
    2020ལོའི་ཟླ་11པར་མཚོ་བོད་ས་མཐོའི་ཐོག་བོད་རིགས་བུ་ཕྲུག་ཚོས་དགའ་བ་དཔག་མེད་ངང་སྒོར་གཞས་འཁྲབ་པ་དང་། ས་ཐག་ལེ་དབར་ཁྲི་ཕྲག་ཆོད་པའི་པུའུ་ཏ་ལཱ་ཁྲའེ་ཝེ་ཨེར་དུ་ཁོང་ཀོ(པུའུ)ཡི་སྒྱུ་རྩལ་མཁས་ཅན་ཚོས་བརྙན་པར་འཕྲུལ་ཆས་མདུན་དུ་ཨ་ཧྥེ་རི་ཁའི་རྔ་བརྡུངས་ནས་གླུ་ལེན་བཞིན་མཆིས།
    མཚོ་བོད་ས་མཐོ་ནས་ཁོང་ཀོ་གཤོངས་སའི་བར་ས་བབ་སྨི་སྟོང་ཕྲག་ཙམ་གྱི་ཧེ་བག་དང་བར་ཐག་ལེ་དབར་ཁྲི་ཕྲག་ཆོད་ཡོད་ཀྱང་། གླུ་གར་ཁྲོད་ནས་ཡུལ་དུས་ལས་བརྒལ་བའི་མཛའ་གྲོགས་མངོན་པར་བྱས།
    མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཁྲི་འདུ་རྫོང་གི་ས་བབ་མཐོ་ཚད་སྨི་4000ཙམ་ཟིན་ཞིང་། ཉིན་ལྟར་སྔ་དྲོའི་ཆུ་ཚོད་བཅུ་པར་རྫོང་གི་ཀྲུང་གོ་དང་ཁོང་ཀོའི་མཛའ་གྲོགས་སློབ་ཆུང(གཤམ་དུ“ཀྲུང་ཁོང་མཛའ་གྲོགས་སློབ་ཆུང”ཞེས་བསྡུ་རྒྱུ)ནས་བོད་རིགས་ཀྱི་གླུ་གཞས་གྲགས་པ་དང་། སློབ་མ་ཚོས་ལུས་རྩལ་ཐང་དུ་སྣང་བ་སྐྱིད་པའི་སྒོར་གཞས་འཁྲབ་ཀྱི་ཡོད།
     དེ་སྔ་སློབ་གྲྭ་དེ་ནི་ཁྲི་འདུ་རྫོང་གི་དྭ་ཕྲུག་སློབ་གྲྭ་ཞིག་ཡིན་པ་དང་། སློབ་གྲྭའི་མིང་ལ་ཝུན་ལེ་སློབ་ཆུང་ཟེར། ས་ཡོམ་གྱི་གནོད་འཚེས་རྐྱེན་པས་སློབ་ཆུང་འདི་དང་ལེ་དབར་ཁྲི་ཕྲག་ཆོད་པའི་ཧྥེ་གླིང་གི་རྒྱལ་ཁབ་དབར་ལས་དབང་དམ་པོར་འབྲེལ་ཡོད།
    2010ལོའི་ཟླ་4ཚེས་14ཉིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རུ་ས་ཡོམ་རིམ་པ་7.1བརྒྱབ་པ་རེད། ཝུན་ལེ་སློབ་ཆུང་ནས་ཡོམ་ལྟེའི་བར་སྤྱི་ལེ་100ལྷག་ཙམ་ལས་མེད་པས་སློབ་གྲྭའི་སློབ་ཁང་དང་ཉལ་ཁང་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད། “སློབ་གྲྭ་ནི་ངའི་ཁྱིམ་ལྟར་ཡིན། ས་ཡོམ་བརྒྱབ་རྗེས་སློབ་ཁང་བརྡིབས་པས་ང་ཚོ་སྟབས་བདེའི་གུར་ནང་སྡོད་རྒྱུ་ལས་ཐབས་གཞན་མེད”ཅེས་ཚེ་དབང་དཔལ་འཛོམས་ཀྱིས་དེ་སྔའི་རྣམ་པ་དྲན་གསོ་བྱེད་བཞིན་བརྗོད།
    ལོ་དེར་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་ནང་ཞུགས་པར་ཡོང་བའི་ཁོང་ཀོ(པུའུ)ཡི་ཙུང་ཐུང་སཱ་སུའུ་ཡིས། ཡུལ་ཤུལ་གེགས་ཁུལ་དུ་སློབ་ཆུང་ཞིག་སྐྲུན་འདོད་ཡོད་ཅེས་ཀྲུང་གོ་ཕྱོགས་ལ་བརྗོད། 2012ལོའི་ཟླ་7ཚེས་22ཉིན་ཁོང་ཀོ(པུའུ)ཡིས་བསྐྲུན་རོགས་བྱས་པའི་ཀྲུང་ཁོང་མཛའ་གྲོགས་སློབ་ཆུང་ལས་མཇུག་འགྲིལ་བའི་མཛད་སྒོ་འཚོགས་པ་རེད།
    2020ལོར་ཏོག་གསར་རིམས་ནད་གོ་ལ་ཧྲིལ་པོར་མཆེད་ཡོད།
     དམིགས་བསལ་གྱི་དུས་སྐབས་འདིར་གླུ་གར་ལ་མཁས་པའི་ཧྥེ་གླིང་མི་དམངས་ཀྱིས་གླུ་གར་ལ་བརྟེན་ནས་ལྕག་སྐུལ་དང་བརྩེ་སེམས་མཚོན་ཐབས་བྱས་ཡོད། ཉེ་ཆར་ཁོང་ཀོ(པུའུ)ཡི་པཱ་པིན་ཅི་རྔ་རྡུང་གླུ་གར་ཚོགས་པས་གླུ་གཞས་གསར་པ་བཀྲམ་ནས་དགའ་བའི་གཞས་དང་སྙན་པའི་རོལ་དབྱངས་ལས་ཧྥེ་གླིང་དང་ཀྲུང་གོས་མཐུན་སྒྲིལ་བྱས་ནས་རིམས་འགོག་བྱས་པར་རྒྱབ་སྐྱོར་བྱས་ཡོད། གཞས་ཚིག་ནང“ཁོང་ཀྲུང་མཉམ་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་པས་མི་རིང་བར་རྒྱལ་ཁ་ཐོབ་ངེས་རེད”ཅེས་འཁོད་ཡོད།
    ཧྥེ་གླིང་རྒྱལ་ཁབ་ཀྱི་རིམས་ནད་ལ་ཀྲུང་ཁོང་མཛའ་གྲོགས་སློབ་ཆུང་གི་སློབ་མས་དོ་ཁུར་བྱེད་བཞིན་ཡོད། ཕྲུ་གུ་ཚོས་ཁོང་ཚོའི་སྒོར་གཞས་ལ་བརྟེན་ནས་སྨོན་འདུན་བཟང་པོ་ལེ་དབར་ཁྲི་ཕྲག་ཆོད་པའི་ཧྥེ་གླིང་གི་གྲོགས་པོར་འབུལ་བཞིན་ཡོད། “ངས་ཁོང་ཚོར་བརྗོད་འདོད་པ་ནི་རིམས་ནད་ལ་སྐྲག་མི་དགོས། ཕན་ཚུན་རོགས་རམ་བྱས་ན་རིམས་ནད་ལས་རྣམ་པར་རྒྱལ་ངེས་ཡིན”ཞེས་སློབ་མ་ཤེས་རབ་སྒྲོལ་མས་བཤད།
    སྐྱིད་སྡུག་མཉམ་དུ་མྱོང་། བརྩེ་སེམས་སྔར་ལས་ཟབ།
    “ཧྥེ་གླིང་གི་གྲོགས་པོས་ཐུགས་རྗེ་ཆེ་ཞུ་ལུགས་ཐོས་རྗེས། བློ་ཡིད་ཚིམ་པོ་བྱུང་། ལྷག་དོན་དུ་ས་གནས་དེ་གའི་སྐད་ཆའི་ཐོག་ནས‘ཀྲུང་གོ’ཞེས་འབོད་ནས་ང་ཚོའི་ཀྲུང་གོའི་སྨན་པར་མཐེ་བོང་སྒྲེང་སྐབས་སྤོབས་པ་སྐྱེ་འོས་པ་ཞིག་འདུག”ཅེས་ཏུའུ་ཆོན་ཧྲེང་གིས་བརྗོད།
    ཏུའུ་ཆོན་ཧྲེང་ནི་ཀྲུང་གོ་ནས་ཁོང་ཀོ(ཅིན)དང་། ཁོང་ཀོ(པུའུ) སོ་ཐོ་མེ་དང་ཕུ་རིན་སི་ཕེ་བཅས་རྒྱལ་ཁབ་གསུམ་དུ་སྐྱོད་མཁན་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མིའི་གྲས་ཤིག་རེད། 2020ལོའི་ཟླ་ལྔ་པར། རིགས་གཅིག་མཁས་ཅན་ཚོགས་ཆུང་ཧྥེ་གླིང་དུ་འབྱོར་ནས་ལས་དོན་སྤེལ་འགོ་ཚུགས། རྒྱལ་ཁབ་གཅིག་ལ་སླེབས་རིམ་བཞིན་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ངལ་བར་མ་འཛེམ་པར་ས་གནས་དེ་གའི་སྨན་བཅོས་སྒྲིག་གཞི་དང་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་པ་བསྡུ་ཉར་གྱི་དམིགས་བཙུགས་སྨན་ཁང་དུ་བསྐྱོད་དེ། འབྲེལ་ཡོད་སྒྲིག་གཞིའི་དབར་རིམས་འགོག་སྤེལ་རེས་ཚོགས་འདུ་འཚོགས་ནས་ཀྲུང་གོའི་ཉམས་མྱོང་དང་ས་གནས་དེ་གའི་དོན་དངོས་གཞིར་བཟུང་ལུགས་མཐུན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲོས་འགོ་བཏོན་གྱི་ཡོད།
    ཁོང་ཀོ(པུའུ)ཡི་ཙུང་ལི་མུའུ་ཨན་པ་ཡིས་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་ཐུག་འཕྲད་བྱེད་སྐབས། ཀྲུང་གོའི་རིགས་གཅིག་མཁས་ཅན་སླེབས་པས་ཁོང་ཀོ(པུའུ)ཡི་རིམས་འགོག་གི་འཇོན་ཐང་ཧ་ཅང་ཆེ་རུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་ཟབ་ཏུ་ཕྱིན་ཡོད། “དཀའ་ངལ་འཕྲད་སྐབས་སུ་ཞིག་གིས་ང་ཚོ་དང་མཉམ་དུ་ལངས་ན་དེ་ནི་ང་ཚོའི་གྲོགས་པོ་ངོ་མ་ཡིན། ང་ཚོའི་སེམས་སུ་གསལ་པོ་ཤེས་ཀྱི་འདུག”ཅེས་བརྗོད།
   ཁོང་ཀོ(ཅིན)ཡི་རྒྱལ་དོན་པུའུ་ཀྲང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཐུང་པཱ་ཡིས། ཀྲུང་གོ་ཕྱོགས་ཀྱིས་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་མང་པོ་མངགས་ནས་སྨན་བཅོས་མ་ལག་ཉམས་ཞན་གྱི་ཧྥེ་གླིང་རྒྱལ་ཁབ་ཀྱི་རིམས་འགོག་ལ་རོགས་རམ་བྱས་པ་དེ་ཐོག་ནས་ཧྥེ་གླིང་དང་ཀྲུང་གོའི་མཛའ་གྲོགས་ནི་ལྷག་བསམ་ཟོལ་མེད་ཅིག་ཡིན་པ་མངོན་གྱི་ཡོད་ཅེས་བརྗོད།
   དཀའ་ཉེན་འཕྲད་སྐབས་བརྩེ་སེམས་ཟབ་མོ་མངོན། 2020ལོར་གོ་ལ་ཧྲིལ་པོར་རིམས་ནད་ཀྱི“ཚོད་བགམ་ནན་པོ”འཕྲད་ཡོད། ཀྲུང་ཧྥེས་མཐུན་སྒྲིལ་མཉམ་ལས་དང་ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱས་པས། ཀྲུང་ཧྥེའི་དུས་ཡུན་རིང་པོར་ལས་དབང་མཉམ་གནས་དང་ཕན་ཚུན་རྒྱབ་སྐྱོར་གྱི་སྤུན་ཟླའི་བརྩེ་སེམས་སླར་ཡང་མངོན་ཡོད།
    ཀྲུང་གོར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དཀའ་ཚེགས་ཧ་ཅང་ཆེ་བའི་དུས་སུ། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ལག་བསྟར་ལས་འཛིན་ལྷན་ཚོགས་ནི་ཀྲུང་གོས་རིམས་འགོག་ལ་འབད་འཐབ་བྱེད་པར་ངག་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་ས་ཁུལ་གྱི་རྩ་འཛུགས་གལ་ཆེན་ཨང་དང་པོར་གྱུར་པ་དང་། ཧྥེ་གླིང་གི་རྒྱལ་ཁབ་50ལྷག་ཙམ་གྱི་འགོ་ཁྲིད་མི་སྣས་གློག་འཕྲིན་ནམ་ཡང་ན་གསལ་བསྒྲགས་སྤེལ་ནས་ཀྲུང་གོར་འཚམས་འདྲི་དང་རོགས་སྐྱོར་བྱེད་སེམས་མཚོན་པར་བྱས་ཡོད། འཕེལ་རྒྱས་འགྲོ་འགོར་བའི་རྒྱལ་ཁབ་ཐིག་དམར་ཀུའི་ནེ་ཡ་ཡིས་ཀྲུང་གོར་ཨ་སྒོར་ཁྲི་200ཞལ་འདེབས་ཕུལ་བ་རེད།
   རིམས་ནད་ཧྥེ་གླིང་དུ་མཆེད་པ་ནས་བཟུང་ལྷག་བསམ་ཟོལ་མེད་ཀྱི“ཀྲུང་གོའི་བྱ་སྤྱོད”སྔར་མུས་བཞིན་སྤེལ་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་མནའ་འབྲེལ་དང་ཧྥེ་གླིང་གི་རྒྱལ་ཁབ་ལ་རིམས་འགོག་དངོས་ཟོག་འབོར་ཆེན་ཁག་ཐེངས་མང་པོ་བཏང་བ་དང་། ཧྥེ་གླིང་གི་རྒྱལ་ཁབ་10ལྷག་ཙམ་ལ་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་མངགས་ཏེ། ས་གནས་དེ་གའི་སྨན་དོན་མི་སྣར་གསོ་སྦྱོང་བྱས་པ་མ་ཟད། ཧྥེ་གླིང་གི་རྒྱལ་ཁབ་དང་མཉམ་དུ་རིགས་གཅིག་མཁས་ཅན་གྱི་བརྙན་ལམ་ཚོགས་འདུ་ཡང་འཚོགས་པ་རེད།
   ལོ་གསར་པར་འདུན་པ་གསར་པ་འཆང་བ།
   ཉེ་བའི་ལོ་ཤས་རིང་ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་ཀྲུང་ཧྥེའི་མཉམ་ལས་རྒྱ་ཆེར་གཏོང་བའི་སྒུལ་ཤུགས་གསར་པར་གྱུར་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཨེ་ཙེ་ཨོ་ཕི་ཡ་ནས་ཅི་པོའུ་ཐི་བར་གྱི་ལྕགས་ལམ་དང་། གྲོང་ཁྱེར་མོང་པ་ས་ནས་ནེ་རོ་པི་བར་གྱི་ལྕགས་ལམ། ལ་མོ་གྲུ་ཁ་སོགས་གྲུ་ཁ་དང་ལྕགས་ལམ་མཉམ་འདྲེན་རྣམ་གྲངས་ཀྱིས་ཧྥེ་གླིང་ཤར་རྒྱུད་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་། ཀྲུང་གོ་ཕྱོགས་ཀྱི་མ་དངུལ་དང་། ལག་རྩལ། མི་སྣ་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ཧྥེ་གླིང་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་ཡོད། པོ་ཚི་ཝ་ན་དང་ཙན་པི་ཡ་སོགས་ཧྥེ་གླིང་གི་སྐམ་སའི་ནང་ཁུལ་གྱི་རྒྱལ་ཁབ་མང་པོར་རྒྱ་མཚོར་སྐྱོད་པའི་འགག་སྒོ་ཤར་གཏོང་ཐུབ་པས་ཧྥེ་གླིང་གི་ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད་པ་རེད།
   2020ལོར་ཏོག་གསར་གློ་ཚད་རིམས་ནད་ཀྱི་རྡབ་རྡེག་འོག་ཏུའང་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་མཉམ་ལས་བྱེད་ཤུགས་ཆུང་དུ་གཏན་ནས་ཕྱིན་མེད། ཀྲུང་གོ་ཕྱོགས་ཀྱིས་ཧྥེ་གླིང་གི་ཚོང་ཟོག་ལ་སྒོ་མོ་ཕྱེ་ཞིང་། ཨེ་ཙེ་ཨོ་ཕི་ཡ་ཡི་ཀོག་ཧྥེ་དང་། ཙན་པི་ཡ་ཡི་སྦྲང་རྩི། པེ་ནི་ན་ཡི་ཤིང་ཏོག་སྐམ་པོ་ཡའོ་གོ་བཅས་སྔར་བཞིན་ཀྲུང་གོའི་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད། དྲ་ཐོག་ཚོང་དོན་གྱིས་ཀྱང་ཧྥེ་གླིང་མི་དམངས་ལ་ཕན་པ་ཐོབ་ཅིང་། རིམས་ནད་རྐྱེན་གྱིས་བྲིན་ཁ་རྒྱུག་པོ་མ་བྱུང་བའི་རུ་ཝང་ཏ་ཡི་ཀོག་ཧྥེ་ཤོག་ཆག་3000དྲ་ཐོག་ཏུ་བཙོངས་པས་ཀྲུང་གོའི་དྲ་གྲོགས་ཀྱིས་ཧབ་ཐོབ་བརྒྱབ་ནས་ཉོས་པ་རེད།
    2021ལོའི་ཟླ་1ཚེས་1ཉིན། ཧྥེ་གླིང་སྐམ་ས་ཆེན་པོའི་རང་མོས་ཚོང་དོན་ཁུལ་གྱི་རང་མོས་ཚོང་དོན་གྱི་འགོ་ཚུགས་མཛད་སྒོ་དྲ་ཐོག་ཏུ་གཉེར་བ་དང་། དེ་ཐོག་ནས་ཧྥེ་གླིང་གི་རང་མོས་ཚོང་དོན་ཁུལ་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་གྱི་ཡོད། ཧྥེ་གླིང་གི་རང་མོས་ཚོང་དོན་ཁུལ་གྱིས་ཧྥེ་གླིང་སྐམ་ས་ཆེན་པོར་གྲུབ་ཆ་ལེགས་སྒྲིག་ཡོང་བར་རམ་འདེགས་བྱས་ཏེ། རིམས་ནད་རྗེས་ཀྱི་དུས་རབས་ཀྱི་ཧྥེ་གླིང་གི་དཔལ་འབྱོར་སླར་གསོར་སྒུལ་ཤུགས་གསར་པ་བསྣན་རྒྱུ་མ་ཟད། ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གོ་སྐབས་གསར་པ་མཁོ་འདོན་བྱས་ཡོད།
   2021ལོའི་ཟླ་1ཚེས་4ནས་9ཉིན་བར། ཀྲུང་གོའི་རྒྱལ་དོན་ཨུ་ཡོན་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་ཡིས། ནི་ཀྲེ་རི་ཡ་དང་། ཁོང་ཀོ(ཅིན) པོ་ཚི་ཝ་ན། ཐན་ཙན་ནི་ཡ། སེ་ཧྲེར་བཅས་སུ་དངོས་གཞིའི་འཚམས་འདྲི་བྱས་པ་རེད། འདི་ནི་ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་གིས་ལོ་31བསྟུད་མར་ལོ་གསར་པའི་འཚམས་འདྲི་དང་པོ་དེ་ཧྥེ་གླིང་ལ་གདམ་ག་བྱས་པ་དེ་རེད།
    དབྱེ་ཞིབ་མི་སྣས་ངོས་འཛིན་བྱས་དོན། དེང་སྐབས་ཏོག་གསར་གློ་ཚད་རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་མཆེད་བཞིན་ཡོད་པ་དང་། ད་རེས་ཀྱི་འཚམས་འདྲི་ལས་ཀྲུང་གོ་ཕྱོགས་ཀྱིས་ཧྥེ་གླིང་རྒྱལ་ཁབ་ལ་མཐོང་ཆེན་པོ་བྱེད་ལུགས་དང་ཀྲུང་ཧྥེའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་ཆོད་སེམས་བརྟན་པོ་མཚོན་གྱི་ཡོད། དེས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་དང་ཀྲུང་ཧྥེའི་མཐུན་སྒྲིལ་རིམས་འགོག་གི་དམིགས་བསལ་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ལ་སྐུལ་འདེད་ནུས་ལྡན་དང་། ཀྲུང་ཧྥེའི་སྲོལ་རྒྱུན་མཛའ་གྲོགས་སྔར་བས་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་ཐུབ།
    2020ལོར་མི་རྣམས་ཀྱིས་སྤྱིར་བཏང་མིན་པའི་ལོ་ཟླས་ཀྲུང་ཧྥེའི་སྤུན་ཟླའི་མཛའ་གྲོགས་ཀྱི་དཔང་པོ་བྱས་ཡོད། ལོ་གསར་པར་ཀྲུང་ཧྥེས་མུ་མཐུད་ལག་གདང་སྦྲེལ་ནས་རླུང་བརྟེན་རླབས་གཤགས་ཀྱིས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་ངེས་རེད།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན།