འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་14ཉིན།

༄༅།།ཧུའུ་ཁྲུན་ཧྭ་ཡིས་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་རྩ་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་རིགས་
གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུར་ཡང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་14ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་པེ་ཅིང་དུ་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་རྩ་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུར་ཡང་ཞུགས་ཤིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན། རྒྱུད་པ་ལེགས་བཅོས་ལས་རིགས་ཀྱི“འཇུར་མིག”ལག་རྩལ་འགག་སྒྲོལ་ཤུགས་ཆེན་བཅས་བྱས་ནས་རྒྱུད་པ་ལེགས་བཅོས་ལས་རིགས་ཀྱི་ཡར་ལངས་དམག་འཁྲུག་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས་པའི་ནན་བཤད་གནང་བ་རེད།
   ཧུའུ་ཁྲུན་ཧྭ་ཀྲུང་གོ་ཞིང་ལས་ཚན་རིག་ཁང་པེ་ཅིང་ཕྱུགས་ལས་དང་ཕྱུགས་རིགས་སྨན་པའི་ཞིབ་འཇུག་ཁང་དུ་ཕེབས་ནས། རྒྱལ་ཁབ་ཀྱི་བཤས་ཕྱུགས་ཀྱི་རྒྱུད་པ་ལེགས་བཅོས་ལྟེ་གནས་དང་རྒྱལ་ཡོངས་ཀྱི་ཕ་གླང་དྲ་སྦྲེལ་གྱི་སྐབས་ཐོག་ལྟ་སྐུལ་ཚོད་འཛིན་ལྟེ་གནས་སུ་བརྟག་ཞིབ་གནང་སྟེ་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་པ་ལེགས་བཅོས་ཁོའོ་ཡི་འཕེལ་རིམ་དང་རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་སྤུས་ཐོན་ཁུངས་མཛོད་འཛུགས་སྐྲུན་གྱི་གྲ་སྒྲིག་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུར་ཞུགས་ནས་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་པ་ལེགས་བཅོས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གྱི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་པ་རེད།
   ཧུའུ་ཁྲུན་ཧྭ་ཡིས་བསྟན་དོན། སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་པ་ལེགས་བཅོས་བྱེད་པ་ནི་འབྲོག་ལས་དེང་རབས་ཅན་གྱི་རྨང་གཞི་རེད་ལ། རང་རྒྱལ་གྱི་འབྲོག་ལས་འཕེལ་རྒྱས་ཁྲོད་ཤུགས་སྣོན་རྒྱག་དགོས་པའི་ཉམས་ཞན་ལྷུ་ཚིགས་ཤིག་ཀྱང་རེད། སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་རྩ་ལ་བརྟག་ཞིབ་དང་བསྡུ་རུབ་ཡག་པོ་བྱས་ཏེ། རྒྱུད་སྤུས་མཛོད་དང་རྒྱུད་ཁུངས་སྲུང་སྐྱོང་ར་བ་བཀོད་སྒྲིག་དང་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ་དང་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་སྤུས་ཐོན་ཁུངས་རྒྱུད་འཛིན་གྱི་ཡིག་ཆ་ཉར་ཚགས་དང་ཕྱུགས་རིགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འགན་སྲུང་བྱེད་དགོས་རིགས་ཚང་མ་འགན་སྲུང་བྱེད་དགོས། སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་པ་ལེགས་བཅོས་ལས་རིགས་ཀྱི་ཚན་རྩལ་རང་རྟེན་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། རྒྱུད་ཁུངས་གཙོ་བོའི་འགག་རྩ་དང་ལྟེ་བའི་ལག་རྩལ་འགག་སྒྲོལ་ལག་བསྟར་བྱེད་འགོ་འཛུགས་པ་དང་ཁྱད་ལྡན་ལེགས་ལྡན་གྱི་རིགས་རྒྱུད་ཁག་གཅིག་འདེམས་གསོ་བྱས་ནས་ལྟེ་བའི་རྒྱུད་ཁུངས་རང་ཁ་རང་གསོ་ཐུབ་ཚད་མཐོ་རུ་གཏོང་དགོས། ཕྱུགས་ལས་སྣེ་འདྲེན་ཁེ་ལས་ཆེ་གྲས་ཀྱི་གསར་གཏོད་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཐོན་སློབ་ཞིབ་སྤྱོད་མཉམ་འདྲེན་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་ཚོང་ལས་ཅན་གྱི་རྒྱུད་སྤེལ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་པ་ལེགས་བཅོས་ལས་རིགས་ཀྱི་ཐོན་ལས་ཚན་རྩལ་གསར་གཏོད་ནུས་པ་ཆེ་རུ་དང་ཁྱབ་གདལ་བེད་སྤྱོད་ཆུ་ཚད་མཐོ་རུ་གཏོང་དགོས།