འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་12ཉིན།

༄༅།།བོད་ལྗོངས་ཀྱིས་རྩིས་པའི་ཁོངས་གཏོགས་ཀྱི་མཐོ་རིམ་གོ་མིང་གི་དཔྱད་འདེམས་ཀྱི་ཚད་གཞི་གསར་པ་ལག་
ལེན་བསྟར་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་12ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་འགོད་པར་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། བོད་རང་སྐྱོང་ལྗོངས་ཀྱི་རྩིས་པའི་ལས་དོན་ལས་རིགས་ཀྱི་ཁྱད་ཆོས་ལྡན་པའི་གོ་མིང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། རྩིས་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རྩིས་པའི་ཆེད་ལས་ཀྱི་འཇོན་ཐང་ཆེ་རུ་གཏོང་ཕྱིར། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་མི་སྤྱི་ཐིང་གིས་ཉེ་ཆར《བོད་རང་སྐྱོང་ལྗོངས་ཀྱི་རྩིས་པའི་ཁོངས་གཏོགས་ཀྱི་མཐོ་རིམ་གོ་མིང་གི་དཔྱད་འདེམས་ཀྱི་ཚད་གཞི(ཚོད་ལྟའི་ལག་བསྟར)》(གཤམ་དུ《ཚད་གཞི》ཞེས་བསྡུ་རྒྱུ)མཉམ་དུ་བཀྲམ་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། 《ཚད་གཞིའི》ནང་བོད་རང་སྐྱོང་ལྗོངས་ཀྱི་རྩིས་པའི་ཤེས་ལྡན་མི་སྣའི་སྤུས་ཚད་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཤེས་ལྡན་མི་སྣ་ཞུགས་འཐུས་ཀྱི་ཚད་གཞི་དམའ་རུ་འོས་འཚམ་གཏོང་བ་དང་། གོ་མིང་དཔྱད་འདེམས་ཀྱི་ཚད་གཞི་ལྷུག་ཏུ་གཏོང་བ། ཕུལ་བྱུང་རྩིས་པ་དང་གཞི་རིམ་གྱི་རྩིས་པར་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། 《ཚད་གཞི》དེའི་ནང་གཙོ་གནད་ཕྱོགས་དྲུག་གི་ཐད་ནས་རྩིས་པའི་ཁོངས་གཏོཌ་ཀྱི་མཐོ་རིམ་གོ་མིང་དཔྱད་འདེམས་ཚད་གཞིར་སྒྱུར་བཅོས་བྱས་ཡོད་པ་རེད།
    ཆབ་སྲིད་ཀྱི་ཁྲིད་སྟོན་མངོན་གསལ་དོད་པོ་ཡོང་བ་དང་། ཀུན་སྤྱོད་སྔོན་ལ་འཇོག་པ་དང་སྤྱོད་ཡོན་གཉིས་ལྡན་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་ཀུན་སྤྱོད་དང་ལས་སྒོའི་འཇོན་ཐང་གཉིས་ཀར་དཔྱད་འདེམས་དང་དཔྱད་ཞིབ་བྱེད་དགོས་པ་དང་། མི་བདེན་རྫུན་སྒྲིག་དང་རིག་གཞུང་གི་ཚུལ་མིན་སྤྱོད་ཚུལ་སོགས་ལ“སྤ་སེ་གཅིག་གིས་ཁྲུ་སློག་པའི་ལམ་ལུགས”ལག་བསྟར་བྱེད་དགོས་པ་དང་།
     དཔྱད་འདེམས་ཚད་གཞིའི“ཁོ་ན་བཞི”(སློབ་རྒྱུས་ཁོ་ན་དང་། བསླབ་པ་ཁོ་ན། དཔྱད་རྩོམ་ཁོ་ན། བྱ་དགའ་ཁོ་ན)དང“རྒྱུག་པ་ལེབ་རྡུང”གི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས་པ།
    རིགས་པའི་གཞུང་ལུགས་ཞིབ་འཇུག་དང་ཆེད་ལས་ཁྱབ་ཁོངས་ལ་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལག་རྩལ་གྱི་གནད་དོན་གལ་ཆེན་ཐག་གཅོད་བྱས་པ། ལེགས་སྐྱེས་གལ་ཆེན་ཕུལ་བ་བཅས་ཀྱི་ཆེད་ལས་ལག་རྩལ་མི་སྣར་སློབ་རྒྱུས་དང་། བསླབ་པ། ཡིག་རྒྱུགས་ཀྱི་ཆ་རྐྱེན། རྒྱུན་མཐུད་སློབ་གསོ། གོ་མིང་རིམ་དབྱེ་བཅས་ཀྱི་ཚོད་འཛིན་མི་ཕོག་པ་བྱས་ནས། དམིགས་བསལ་ངང་མཐོ་རིམ་གོ་མིང་རེ་ཞུ་བྱེད་ཆོག་པ།
    དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་དང་གཞི་རིམ་གྱི་འཐབ་ས་དང་པོར་ལས་ཀ་བྱེད་བཞིན་པའི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣར་གཙོ་གནད་ཐོག་དེའི་ལས་ཀའི་གྲུབ་འབྲས་ལ་ལྟ་ཞིབ་བྱས་ནས་སློབ་རྒྱུས་དང་། བསླབ་པ། ཚན་ཞིབ་འཇོན་ཐང་སོགས་ཀྱི་བླང་བྱ་ལྷུག་ཏུ་འོས་འཚམ་བཏང་སྟེ། མཐོ་རིམ་ཤེས་ལྡན་མི་སྣ་དེ་བས་ལེགས་པའི་ངང་ཡིད་དབང་འཕྲོག་པ་དང་། གསོ་སྐྱོང་། གདམ་གསེས། སེམས་གནས་ཐུབ་པ་བཅས་བྱེད་དགོས།
    ལོ་འཁོར་གྱི་དཔྱད་ཞིབ་བླང་བྱའི་ཐད། དེ་སྔའི་རེ་ཞུ་བྱེད་མཁན་གྱིས་དེ་གོང་རིམ་པའི་གོ་མིང་རག་ཚུན་གྱི་ལོ་འཁོར་གྱི་དཔྱད་ཞིབ་གནས་ཚུལ་མཁོ་འདོན་བྱེད་རྒྱུ་དེ་ཉེ་བའི་ལོ་གསུམ་གྱི་ལོ་འཁོར་གྱི་དཔྱད་ཞིབ་གནས་ཚུལ་མཁོ་འདོན་བྱེད་པར་ལེགས་སྒྱུར་བྱེད་དགོས།
    ཤེས་ལྡན་མི་སྣ་དེ་བས་མང་བ་རྩིས་པའི་ལས་རིགས་སུ་ལས་ཀ་བྱེད་པར་ཡིད་དབང་འགུག་པ་དང་འབྲེལ་རྩིས་པའི་ཤེས་ལྡན་མི་སྣ་ཁྱབ་ཁོངས་གཞན་དག་ཏུ་ཞུགས་རྒྱུར་སྐུལ་ལྕག་བྱས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་ཤེས་ལྡན་མི་སྣར་ནུས་ཤུགས་གང་ཡོད་འདོན་པ་དང་འཇོན་ཐང་གང་ཡོད་འདོན་པའི་རྣམ་པ་བཟང་པོ་གཏོད་ཆེད་ཤེས་ལྡན་མི་སྣའི་འཁོར་རྒྱུག་ལམ་སྲོལ་ལག་ལེན་བསྟར་དགོས།