འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་12ཉིན།

༄༅།།མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་བཅུ་ཆ་དྲུག་ལས་བརྒལ་
བ་དང་འོད་ཤུགས་ནི་གློག་ཁུངས་ཆེ་ཤོས་དང་པོར་གྱུར་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་12ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ● 2020ལོའི་ལོ་མཇུག་བར་མཚོ་སྔོན་གློག་དྲའི་སྤྱིའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་4030ཟིན་པ།
   ● 2020ལོར་མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་847ཟིན་པ།
   འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་1ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་བར། 2020ལོའི་ལོ་མཇུག་བར་མཚོ་སྔོན་གློག་དྲའི་སྤྱིའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་4030ཟིན་པ་དེའི་ནང་ནུས་རྒྱུ་གསར་པའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་2445ཟིན་པ་དེས་གློག་དྲ་ཡོངས་ཀྱི་སྤྱིའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཁྱོན་གྱི་60%ལས་བརྒལ་ནས་60.7%ཟིན་ཡོད། འོད་ཤུགས་དེ་ཆུ་གློག་ལས་བརྒལ་ནས་ཞིང་ཆེན་ནང་གི་གློག་ཁུངས་ཆེ་ཤོས་དང་པོར་གྱུར་ཡོད། དེ་དང་དུས་མཚུངས་ནུས་རྒྱུ་གསར་པའི་འཕྲུལ་འཁོར་ནས་གློག་གཏོང་ཁྱོན་ཆེ་རུ་ཕྱིན་པ་དང་སྦྲགས་མཚོ་སྔོན་གློག་དྲའི་ནུས་རྒྱུ་གཙང་མའི་འཕྲུལ་འཁོར་ནས་གློག་གཏོང་ཁྱོན་ཆན་ཝ་ཁྲི་3638ཟིན་པ་དེས་བསྡུར་ཚད་ཀྱི་བཅུ་ཆ་དགུ་ལས་བརྒལ་ཡོད་པ་རེད།
   མཚོ་སྔོན་ནི་མཚོ་བོད་ས་མཐོའི་དབུས་རྒྱུད་དུ་གནས་པས། “གཙང་གསུམ་ཆུ་འགོ”དང“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་སུ་གྲགས། ཆུ་ཤུགས་དང་། རླུང་། འོད་སོགས་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས། ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་བའི་ལེགས་ཆ་མངོན་གསལ་དོད་པོ་ཡོད། “སྣོད་བཅུད་སྲུང་སྐྱོང་སྔོན་དུ་བྱེད་པའི”འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་དོན་འཁྱོལ་བྱས་ནས་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱས་ཏེ་མཚོ་ནུབ་དང་མཚོ་ལྷོའི་ཆན་ཝ་ཁྲི་སྟོང་རིམ་པའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་རྟེན་གཞི་གཉིས་བཏོད་ཡོད་པ་རེད། 2020ལོར་མཚོ་སྔོན་གྱི་ནུས་རྒྱུ་གཙང་མ་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་847ཟིན་པ་དེས་མ་བཅོས་རྡོ་སོལ་ཏུན་ཁྲི་3811གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་6268ཉུང་དུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།