འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་11ཉིན།

༄༅།།ཉིང་ཁྲི“མེ་ཏོག་སྨན་གླིང་”གི་བདེ་སྐྱིད་འཚོ་བ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་11ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཉིང་ཁྲི“མེ་ཏོག་སྨན་གླིང་”གི་བདེ་སྐྱིད་འཚོ་བ།
    མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། སྨན་གླིང་རྫོང་ནི་ཉིང་ཁྲི་གྲོང་ཁྱེར་ལྷོ་ནུབ་རྒྱུད་ཀྱི་ཡར་ཀླུང་གཙང་པོའི་སྨད་རྒྱུད་དུ་ཆགས་ཡོད་ཅིང་། རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་2950ཡོད། གསོ་བ་རིག་པ་བ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་ལོ་ངོ་སྟོང་ཕྲག་གཉིས་ཀྱི་ཡར་སྔོན་དུ་གནས་འདི་རུ་གསོ་རིག་གི་གཞུང་ལུགས་མཛད་ཅིང་། སྨན་རྫས་སྦྱོར་བ་དང་། གསོ་བ་རིག་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་མཛད་པ་རེད། ནམ་ཟླའི་ཆ་རྐྱེན་འཛོམས་རྐྱེན། ཡུལ་འདིར་སྨན་རྫས་རྩ་ཆེན་ཕུན་སུམ་ཚོགས་པ་དང་ཤ་མོའི་རིགས་མང་པོ། དེ་བཞིན་དུ་རྩི་ཤིང་སྣ་མང་སྐྱེ་བས་སྨན་གླིང་ལ་མེ་ཏོག་སྨན་གླིང་ཞེས་ཀྱང་འབོད། 
   ཉེ་ཆར། གསར་འགོད་པ་རླངས་འཁོར་ལ་བསྡད་ནས་ལྷ་ས་ནས་སྤྱི་ལེ་བརྒྱ་ཕྲག་གིས་ཆོད་པའི་ཉིང་ཁྲི་ལ་བསྐྱོད་པ་དང་། རྫོང་དང་ཆུས་དེ་བཞིན་དུ་ཤང་དང་གྲོང་ཚོ་ལ་ཟབ་ཞུགས་བྱས་ནས“ཡུལ་མིའི་བདེ་སྐྱིད་ཀྱི་འཚོ་བར”བཅར་འདྲི་བྱས་པ་ཡིན། 
   ཉིན་གུང་རྗེས་སུ། སྨན་གླིང་རྫོང་བཀྲ་ཤིས་རབ་བརྟན་ཤང་ཚལ་མི་གྲོང་ཚོའི་དགུང་ལོ་64ཟིན་པའི་བློ་བཟང་དང་ཁོའི་ལོ་5ཅན་གྱི་ཚ་བོ་པ་སངས་གཉིས་སྒོ་རའི་སྤང་ཐོག་ཏུ་རྩེད་མོ་རྩེ་བཞིན་འདུག  སྤང་ཐོག་ཏུ་བློ་བཟང་རང་གིས་བཟོས་པའི་ཤིང་གི་རྩེད་ཆས་ཁག་ཅིག་སྒྲིག་འདུག རྩེད་ཆས་དག་དེ་འདྲའི་ཞིབ་ཚགས་མི་ལྡན་ཡང་། པ་སངས་ཀྱིས་དེ་དག་ནོར་བུ་ལྟར་ཉར་ཚགས་བྱེད་ཀྱིན་འདུག བློ་བཟང་ནི་གྲོང་ཚོའི་ནང་གི་ཏང་ཡོན་རྒན་པ་རེད། ཁོང་གིས་གསར་འགོད་པ་ལ་བཤད་དོན། ཆུང་དུས་སུ་སློབ་སྦྱོང་བྱས་མ་མྱོང་བ་ནི་ངའི་འགྱོད་པ་ཞིག་ཡིན། བོད་ཡིག་ཀྱང་ང་རང་གི་མིང་འབྲི་ཤེས་པ་ཙམ་ཡིན། “སྐབས་དེར་ངས་རང་ལ་ཁྱིམ་གྱི་ཆ་རྐྱེན་ཇི་ལྟར་སྡུག་ཀྱང་། ཕྲུ་གུ་ཚོ་སློབ་སྦྱོང་ལ་གཏོང་དགོས་ཞེས་སྐུལ་བ་ཡིན།” བློ་བཟང་གིས། ད་ལྟར་བུ་བཅོལ་ཁང་ནི་གྲོང་ཚོའི་ནང་དུ་བཙུགས་ཡོད་ཅིང་། འདི་ནས་བཟུང་མཐོ་འབྲིང་བར་རིན་པ་མི་དགོས་ཤིང་། སློབ་གྲྭར་བསུ་སྐྱེལ་གྱི་རླངས་འཁོར་ཡོད། “ད་ལྟའི་སློབ་གསོའི་ཁོར་ཡུག་འདི་འདྲ་བཟང་། ད་དུང་སློབ་སྦྱོང་ཡག་པོ་མི་བྱེད་པའི་རྒྱུ་མཚན་གང་ཡོད་དམ།”ཟེར།
   ཚེས་6ཉིན་གྱི་སྔ་དྲོ། ནོར་བུ་རྡོ་རྗེའི་ཁྱིམ་ནི་དུས་རྒྱུན་དང་འདྲ་བ་སྟེ། ཁོང་གིས་སྒོ་རའི་རྒྱབ་ན་ཕྱུགས་འཚོ་བཞིན་པ་དང་། བུ་ཕྲུག་ཆུང་བ་ནི་ཨ་མའི་པང་དུ་བསྡད་དེ་རྩེད་མོ་རྩེ་བཞིན་འདུག   བུ་མོས་གསོལ་ཁང་ནང་ཇ་བསྲུབས་མ་བསྐོལ་ཞོར་གད་ཕྱགས་བྱེད་བཞིན་འདུག 
   ནོར་བུ་རྡོ་རྗེ་ད་ལྟ་གཏམ་སྙན་ཤང་སྲང་པ་གྲོང་ཚོར་བསྡད་ཡོད། “དོན་དངོས་སུ་ང་ནི་ཁྱིམ་མཚེས་གྲོང་ཚོ་གཏམ་སྙན་གྲོང་ཚོའི་མི་རེད། ཕ་མ་གཉིས་ཀྱང་དེ་རུ་བསྡད་ཡོད།” 2007ལོར་སྲང་པ་གྲོང་ཚོར་ཡོང་བའི་རྣམ་པ་དེ་དྲན་དུས་འདས་དོན་མི་ཉུང་བ་ཞིག་མིག་ལམ་དུ་ཤར་ཡོང་།
“སྐབས་དེར་གྲོང་ཚོའི་ནང་དུ་རྒྱ་ལམ་ཡག་པོ་གཅིག་ཀྱང་མེད་ཅིང་། ཆར་པ་བབས་ཚེ་པུས་མོ་བར་དུ་འདམ་བུ་བགོ་སྲིད། ཆུ་ལྷམ་མེད་ན་ཕྱི་རོལ་ཏུ་མ་འགྲོ་ན་ལེགས་པ་ཡོད།”
   སྲང་པ་གྲོང་ཚོ་དང་གཏམ་སྙན་གྲོང་ཚོ་ནི་ཡར་ཀླུང་གཙང་པོས་བཅད་ཡོད། “སྐབས་དེར་གྲོང་ཚོའི་ནང་དུ་ལམ་ཡག་པོ་གཅིག་ཀྱང་མེད། ཟམ་པ་དེ་བས་ཀྱང་མེད།”ནོར་བུ་རྡོ་རྗེས་གསར་འགོད་པ་ལ་བཤད་དོན། ཁྱིམ་དུ་ཕ་མར་ལྟ་བར་འགྲོ་ཐེངས་རེ་ལ་གཙང་པོ་བརྒལ་བའི་གྲུ་གཟིངས་ལ་སྡོད་དགོས་ཤིང་། ད་དུང་གནམ་གཤིས་ལ་བལྟས་ནས་འགྲོ་དགོས། གལ་ཏེ་གནམ་གཤིས་ཡག་ན། སྔ་ཙམ་བདེ་བླག་ངང་འགྲོ་ཐུབ། གལ་ཏེ་ཕྱི་དྲོའི་ཆུ་ཚོད་5ཐོག་ཕྱིར་ལོག་མ་ཐུབ་ན། དེ་རུ་མཚན་གཅིག་བསྡད་དགོས་ཐུག་འགྲོ།  “གང་ཡིན་ཟེར་ན། ཕྱི་དྲོར་གཙང་པོའི་ངོས་ཀྱི་རླུང་ཆེ་ཞིང་ཆུ་རྒྱུན་ཛ་དྲག་ཆེ་བས། གང་བྱུང་དུ་གཙང་པོ་བརྒལ་ན་དོན་རྐྱེན་འབྱུང་སླ།”ཟེར། 
   ཤེས་རྟོགས་བྱུང་བར་གཞིགས་ན། སྨན་གླིང་རྫོང་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱི་རོགས་རམ་དང་རྒྱབ་སྐྱོར་འོག  2017ལོར་སྲང་པ་གྲོང་ཚོར་གནད་འཁེལ་དབུལ་སྐྱོར་གྱི་མྱུར་འགྲུབ་ལས་གཞི་སྟེ་གཏམ་སྙན་སངས་རྒྱས་ཕྱག་གི་བྱེ་ཕུང་མཛེས་ལྗོངས་ཁུལ་བཙུགས་པ་དང་འབྲེལ་མཛེས་ལྗོངས་ཁུལ་དེའི་སྔོན་གྱི་ལོ་གསུམ་གྱི་གཉེར་སྐྱོང་དབང་ཆ་ཡུལ་སྐོར་ཀུང་སི་ལ་བརྒྱུད་སྤྲོད་འགན་གཙང་ལེན་བྱེད་བཅུག་ཡོད། དེའི་ཁྲོད་20%ཡི་མ་དངུལ་ནི་ཆེད་དོན་དབུལ་སྐྱོར་མ་དངུལ་ལ་གཏོང་རྒྱུ་དང་། མཛེས་ལྗོངས་ཁུལ་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཚོང་རྫས་འགྲེམས་ཚོང་ཁུལ་4བཀོད་སྒྲིག་བྱས་ཡོད་པ་དེ་ནི་གྲོང་ཚོའི་ནང་གི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་གིས་གཉེར་སྐྱོང་བྱ་རྒྱུ་བྱས།
   2020ལོར་གྲོང་ཚོ་དེའི་གཅིག་བསྡུས་ཀྱི་ཡོང་འབབ་སྒོར་ཁྲི་22.3ཟིན་ཞིང་། མི་རེའི་ཆ་སྙོམས་ཀྱི་གཅིག་བསྡུས་ཡོང་འབབ་སྒོར་1200བགོ་བཤའ་བརྒྱབ་ཡོད་ལ། མི་རེའི་ཡོང་འབབ་ནི་སྒོར་16933རེད། “མི་གཅིག་ཕྱུག་པོ་ཆགས་ན་དེ་ནི་ཕྱུག་པོར་མི་བརྩི། མང་ཚོགས་ཕྱུག་པོ་བྱེད་ཐུབ་ན། ད་གཟོད་གྲོང་ཚོ་ཡོངས་ཕྱུག་པོར་ཆགས་པ་རེད།” ད་ལྟ་སྲང་པ་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ནོར་བུ་རྡོ་རྗེ་ཡིས། ད་ལྟ་གྲོང་ཚོ་ཡོངས་ཀྱི་འབད་བརྩོན་འོག  ཚང་མའི་འཚོ་བ་ཡག་པོ་འགྲོ་བཞིན་འདུག   བོད་ལྗོངས་ཀྱི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ ཆུང་ཆུང་འདིར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་འདུག (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15834844.html)
【1】  【2】
༄༅།།ཉིང་ཁྲི“མེ་ཏོག་སྨན་གླིང་”གི་བདེ་སྐྱིད་འཚོ་བ།