འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་7ཉིན།

༄༅།།2020ལོར་བོད་སྐད་སྒྱུར་སྐྲུན་གློག་བརྙན་ཆུ་ཚོད་སྟོང་ལས་བརྒལ་བ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་07ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།2020ལོར་བོད་སྐད་སྒྱུར་སྐྲུན་གློག་བརྙན་ཆུ་ཚོད་སྟོང་ལས་བརྒལ་བ།
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། གྲངས་གཞི་གསར་པ་ལས་མངོན་གསལ། 2020ལོར་བོད་རང་སྐྱོང་ལྗོངས་སུ་བོད་སྐད་སྒྱུར་སྐྲུན་བརྙན་འཕྲིན་ཟློས་གར་(འགུལ་རིས)ལེའུ་1300ལྷག་ལེགས་འགྲུབ་བྱུང་ཡོད་པ་དང་། གློག་བརྙན་རིགས་ཁག་ལ་སྡེ་ཚན་80ཡོད་ཅིང་། སྤྱིའི་དུས་ཡུན་ཆུ་ཚོད་1000ལས་བརྒལ་ཡོད། 2000ལོའི་གོང་དུ། བོད་ལྗོངས་སུ་ལོ་རེར་བརྙན་འཕྲིན་ཟློས་གར་(འགུལ་རིས)སྒྱུར་སྐྲུན་ནི་ལེའུ་300ཙམ་ཟིན་མེད། 
    བོད་རང་སྐྱོང་ལྗོངས་གློག་བརྙན་ཀུང་སི་མི་རིགས་སྐད་རིགས་སྒྱུར་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་བསོད་ནམས་ཚེ་རིང་གིས། “བོད་ལྗོངས་ས་ཆ་ཁག་ཅིག་ཏུ་ཞིང་འབྲོག་མང་ཚོགས་ཀྱིས་རྒྱ་སྐད་བརྙན་འཕྲིན་བརྩམས་ཆོས་ཀྱི་ནང་དོན་གོ་དཀའ་བས། ང་ཚོའི་སྒྱུར་སྐྲུན་ལས་དོན་གྱི་དམིགས་ཡུལ་ནི་ཞིང་འབྲོག་མང་ཚོགས་ལ་བོད་སྐད་གློག་བརྙན་དང་བརྙན་འཕྲིན་བརྩམས་ཆོས་ལྟ་ཐུབ་པར་བཅུག་ནས། ཁོང་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ་དེ་ཡིན”ཞེས་བཤད། 
   ངོ་སྤྲོད་བྱས་པར་གཞིགས་ན། 1965ལོར་བོད་ལྗོངས་སུ་བོད་སྐད་སྒྱུར་སྐྲུན་གློག་བརྙན་དང་པོ《ལོ་ལེགས་བྱུང་རྗེས》བཏོན་པ་དང་། 1982ལོར་བོད་སྐད་ཀྱི་སྒྱུར་སྐྲུན་བརྙན་འཕྲིན་ཟློས་གར་དང་པོ《ཟུར་མང་མེ་ལོང་》བཏོན་པ་ནས་བཟུང་ལྗོངས་ཡོངས་སུ་མང་ཚོགས་ལ་བོད་སྐད་གློག་བརྙན་བརྩམས་ཆོས་རྒྱུན་ཆད་མེད་པར་བཏོན་པ་རེད། 2020ལོའི་ལོ་མཇུག་བར་དུ་བོད་ལྗོངས་སུ་བརྙན་འཕྲིན་ཟློས་གར(འགུལ་རིས)ལེ་ཚན་ཁྲི་2.2བོད་སྐད་དུ་སྒྱུར་སྐྲུན་བྱས་པ་དང་། གློག་བརྙན་དང་བརྙན་འཕྲིན་2400ཟིན་ཞིང་། སྤྱིའི་དུས་ཡུན་ཆུ་ཚོད་ཁྲི་2ལས་བརྒལ་བ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་(ས་གནས)7ཚང་མར་བཏོན་པ་རེད། 
   བོད་ལྗོངས་བརྙན་འཕྲིན་ཁང་གི་བོད་སྐད་བརྙན་འཕྲིན་ཁང་གི་འགན་འཁུར་བ་བཀྲ་ཤིས་ཚེ་བརྟན་གྱིས། “ང་ཚོ་ས་གནས་རང་གི་བོད་སྐད་སྒྱུར་སྐྲུན་བརྙན་འཕྲིན་ཟློས་གར་གྱི་འཕེལ་རྒྱས་ནི་ཞིང་འབྲོག་མང་ཚོགས་ཀྱིས་‘ལྟ་ཐུབ་པ་ནས་ཧ་གོ་བ་དང་ད་ལྟར་བརྩམས་ཆོས་ཡག་པོ་ལོངས་སུ་སྤྱོད་ཐུབ’པའི་བར་གྱི་འགྱུར་ལྡོག་བྱུང་ཡོད་པ་དེ་ཡིན”ཞེས་བཤད། 
   དུས་ཡུན་ངེས་ཅན་གྱི་རིང་ལ་བོད་ལྗོངས་མཐོ་སྒང་གི་གནས་ཚུལ་དངོས་དང་མཐུན་པའི་ཚན་སློབ་གློག་བརྙན་ཧ་ཅང་དཀོན། 2018ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་གློག་བརྙན་ཀུང་སིས་བོད་ལྗོངས་ས་གནས་རང་གི་གནས་ཚུལ་དང་མཐུན་པའི་སྐད་གཉིས་ཚན་སློབ་གློག་བརྙན་བརྩམས་ཆོས་5རིམ་བཞིན་སྒྲིག་བཟོ་བྱས་ཡོད། 
   བསོད་ནམས་ཚེ་རིང་གིས། “ས་གནས་རང་གི་གནས་ཚུལ་དངོས་དང་མཐུན་པའི་ཚན་སློབ་གློག་བརྙན་རང་ཚུགས་ཀྱིས་འདོན་པ་དང་། བརྙན་ལེན། པར་འགྲེམས། བརྙན་གཏོང་སོགས་བྱས་པ་ལས་བོད་ལྗོངས་སྤྱི་ཕན་ཚན་སློབ་གློག་བརྙན་ཁྱབ་ཁོངས་ཀྱི་སྟོང་ཆ་གསབ་པ་རེད”ཅེས་བཤད། 
   མི་རིགས་སྐད་རིགས་སྒྱུར་སྐྲུན་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ནི་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཆེན་པོ་དང་འབྲལ་ཐབས་མེད། 2000ལོ་ནས་འགོ་བརྩམས་ཏེ་ལག་བསྟར་བྱས་པའི་“བོད་ལྗོངས་དང་ཤིན་ཅང་གི་ལས་གྲྭ”ནི་ནུབ་རྒྱུད་གྲངས་ཉུང་མི་རིགས་ས་ཁུལ་དང་མཐའ་མཚམས་ས་ཁུལ་གྱི་རླུང་འཕྲིན་བརྙན་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། མི་རིགས་སྐད་རིགས་ཀྱི་གློག་བརྙན་དང་བརྙན་འཕྲིན་བརྩམས་ཆོས་ཀྱི་སྒྱུར་སྐྲུན་ནུས་པ་ཇེ་མཐོར་གཏོང་རྒྱུ་དེ་རེད། 
   བོད་རང་སྐྱོང་ལྗོངས་བོད་ཀྱི་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང(རྩོམ་སྒྱུར་ཅུས)ཏང་ཙུའུ་ཁོངས་མི་ཚེ་རིང་གཡུ་སྒྲོན་གྱིས། སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་ལ་བརྟེན་ནས་བོད་ལྗོངས་ཀྱི་མི་རིགས་སྐད་རིགས་སྒྱུར་སྐྲུན་ལས་དོན་ནི་“ཆུ་བོའི་འབྱུང་ཁུངས”དང་འདྲ་ཞིང་། རྒྱུན་ཆད་མེད་པར་ཞིང་འབྲོག་མང་ཚོགས་ལ་གློག་བརྙན་དང་བརྙན་འཕྲིན་གྱི་བརྩམས་ཆོས་སྤུས་ལེགས་འདོན་སྤྲོད་བྱས་པས། མི་རིགས་རིག་གནས་ཀྱི་སྤེལ་རེས་དང་མཉམ་འདྲེས་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་ནུས་ཤུགས་བཏོན་ཡོད་ཟེར། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15834599.html)
༄༅།།2020ལོར་བོད་སྐད་སྒྱུར་སྐྲུན་གློག་བརྙན་ཆུ་ཚོད་སྟོང་ལས་བརྒལ་བ།
༄༅།།2020ལོར་བོད་སྐད་སྒྱུར་སྐྲུན་གློག་བརྙན་ཆུ་ཚོད་སྟོང་ལས་བརྒལ་བ།