འཚོལ་བཤེར།   
藏文频道
2021ལོའི་ཟླ་1ཚེས་4ཉིན།

༄༅།།ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཀེན་ཐིན་ལ་ཞིང་ལས་ཐོན་རྫས་ཀྱི་ཟོག་འགྲེམས་འཇུར་མིག་སེལ་རོགས་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་04ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་དབྱི་ནོ་སི་ཨེ་རི་སི་ནས་གློག་འཕྲིན་འབྱོར་གསལ། ཨ་ཀེན་ཐིན་ནི་ཞིང་ལས་ཐོན་རྫས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ན་ཡང་། ཟོག་འདྲེན་ལྕགས་ལམ་མ་ལག་རྙིང་པར་གྱུར་ནས་འགྲིམ་འགྲུལ་ལས་འཛོལ་ཡང་ཡང་ཐོན་རྐྱེན། ཞིང་ལས་ཐོན་རྫས་དག་ཐོན་སྐྱེད་བྱེད་ཁུལ་ནས་གྲུ་ཁར་དབོར་བར་མང་ཆེ་བ་གཞུང་ལམ་བརྒྱུད་དགོས་ཀྱི་ཡོད་པས། མ་གནས་མཐོ་རུ་དང་འགྲན་རྩོད་ནུས་པ་ཆུང་དུ་ཕྱིན་ཡོད། གནད་དོན་འདི་ཐག་གཅོད་བྱ་ཆེད། ཨ་ཀེན་ཐིན་སྲིད་གཞུང་གིས་ཉིན་ཤས་གོང་ཀྲུང་གོའི་ཁེ་ལས་དང་ཟོག་འདྲེན་ལྕགས་ལམ་ཆེན་པོ་གསུམ་རིམ་སྤོར་སྒྱུར་བཀོད་བྱ་རྒྱུའི་མཉམ་ལས་གྲོས་མཐུན་བཞག་པ་རེད།
   ཨ་ཀེན་ཐིན་འགྲིམ་འགྲུལ་པུའུ་དང་ལྕགས་ལམ་སྐྱེལ་འདྲེན་གཉེར་སྐྱོང་ཀུང་སིས་ཉིན་ཤས་གོང་ཨ་ཀེན་ཐིན་གྱི་ཙུང་ཐུང་ལས་ཤག་ཏུ་ཀྲུང་གོའི་ཁེ་ལས་3དང་ལྕགས་ལམ་མཉམ་ལས་ཀྱི་གྲོས་མཐུན་4བཞག་པ་དེ་དག་པེར་ཁེ་ལཱ་ནུའོ་ཟོག་འདྲེན་ལྕགས་ལམ་དང་། ཧྲེང་མཱ་ཏིང་ཟོག་འདྲེན་ལྕགས་ལམ། པཱ་ཐཱ་ཀེ་ཉི་ཡཱ་བྱང་མའི་ཁྱམས་རིང་ལྕགས་ལམ་བཅས་སྒྱུར་བཀོད་དང་འཁོར་སྒྲོམ་ཉོ་སྒྲུབ་དང་འབྲེལ་བ་ཡོད་ལ། དངུལ་འབོར་ཁྱོན་ཨ་སྒོར་དུང་ཕྱུར་46.95ཟིན་ཡོད་པ་རེད།
   གྲོས་མཐུན་དེའི་ནང་ཨ་ཀེན་ཐིན་ལ་ལས་གནས་ཁྲི་2.8བསྐྲུན་ནས་ཞིང་ཆེན་13ལ་ཕན་པ་ཡོང་བ་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་དང་། གྲོས་མཐུན་དེ་དང་འབྲེལ་བའི་ཀྲུང་གོའི་ཁེ་ལས་3ནི་ཀྲུང་གོ་འཕྲུལ་འཁོར་སྒྲིག་ཆས་ལས་གྲྭ་མ་རྐང་ཚད་ཡོད་ཀུང་སི་དང་། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི། ཀྲུང་གོ་ཀྲུང་འཁོར་རྒྱལ་སྤྱི་ཚད་ཡོད་ཀུང་སི་བཅས་གསུམ་ཡིན་པ་རེད།
   ཨ་ཀེན་ཐིན་གི་ཙུང་ཐུང་ཧྥེར་ནན་ཏེ་སི་གན་འཇོག་མཛད་སྒོར་ཞུགས་ནས་ཨ་ཀེན་ཐིན་ནི་མངའ་ཁོངས་ཀྱི་རྒྱ་ཁྱོན་ཧ་ཅང་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པས། དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་མཚོན་ན། འཐུས་སྒོ་ཚང་བའི་ལྕགས་ལམ་མ་ལག་ཅིག་འཛུགས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཀེན་ཐིན་གྱི་ལྕགས་ལམ་མ་ལག་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
   ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་མེ་གླིང་ས་ཁོངས་གྱི་འགན་འཁུར་བ་ཡན་མེང་གིས། ཧྲེང་མཱ་ཏིང་ཟོག་འདྲེན་ལྕགས་ལམ་སྒྱུར་བཀོད་རྣམ་གྲངས་ཀྱི་རིང་ཚད་ལ་ཁྱོན་སྤྱི་ལེ་1813ཡོད་པ་དེ་ཀྲུང་གོའི་ཇུས་གཞི་དང་། ཀྲུང་གོའི་ལག་རྩལ། ཀྲུང་གོའི་སྒྲིག་ཆས་བཅས་ལ་བརྟེན་ནས་བསྐྲུན་པའི་ཨ་ཀེན་ཐིན་གྱི་ལྕགས་ལམ་རྣམ་གྲངས་དང་པོ་དེ་ཡིན། རྣམ་གྲངས་ལས་མཇུག་འགྲིལ་རྗེས། ལྕགས་ལམ་དེའི་ཆུ་ཚོད་རེའི་མྱུར་ཚད་མིག་སྔའི་སྤྱི་ལེ་40ནས་90བར་མཐོ་རུ་འགྲོ་རྒྱུ་དང་། ལོ་རེའི་ཟོག་འདྲེན་བྱེད་ཚད་མིག་སྔའི་ཏུན་ཁྲི་300ནས་ཏུན་ཁྲི་900བར་མང་དུ་ཕྱིན་ནས། ཀྲུང་ཨའི་ཐོན་ནུས་མཉམ་ལས་རྒྱ་ཆེར་གཏོང་རྒྱུ་དང་དཔལ་འབྱོར་གྱི་ལེགས་ཆ་གསབ་རེས་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།