འཚོལ་བཤེར།   
藏文频道
2020ལོའི་ཟླ་12ཚེས་31ཉིན།

༄༅།།ཀྲུང་གོའི་སྤུས་ཚད་མཐོ་བའི་རྒྱལ་སྤྱིའི་དཔྱད་རྩོམ་གྲངས་འབོར་འཛམ་གླིང་གི་ཨང་གཉིས་པར་སླེབས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་31ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2020ལོའི་ཟླ་12ཚེས་29ཉིན་ཀྲུང་གོ་ཚན་རིག་ལག་རྩལ་ཆ་འཕྲིན་ཞིབ་འཇུག་སུའོ་ཡིས་ཡོངས་བསྒྲགས་བྱས་པའི་2020ལོའི་ཀྲུང་གོའི་ཚན་རྩལ་དཔྱད་རྩོམ་གྱི་བསྡོམས་རྩིས་འབྲས་བུ་ལས་མངོན་པར། ཀྲུང་གོའི་སྤུས་ཚད་མཐོ་བའི་རྒྱལ་སྤྱིའི་དཔྱད་རྩོམ་གྲངས་འབོར་འཛམ་གླིང་གི་ཨང་གཉིས་པར་སླེབས་པ་དང་མཐོ་སློབ་དང་ཚན་ཞིབ་སྒྲིག་གཞི་མང་པོ་ཞིག་ཨང་10པའི་ནང་ཚུད་ཡོད་པ་རེད།
   ཉེ་བའི་ལོའི་ནང་། རང་རྒྱལ་གྱིས་དཔྱད་རྩོམ་དང་། ལས་ཀའི་གོ་མིང་། སློབ་རྒྱུས། བྱ་དགའ་བཅས་གཅིག་པུར་གཙིགས་ཆེན་གྱི་འཕེལ་ཕྱོགས་མེད་པར་བཟོས་ནས་སྤུས་ཚད་མཐོ་བའི་དཔྱད་རྩོམ་འདོན་རྒྱུའི་སྐུལ་ལྕག་བྱེད་ཀྱི་ཡོད། དེས་ན་ཀྲུང་གོ་ཚན་རིག་ལག་རྩལ་ཆ་འཕྲིན་ཞིབ་འཇུག་སུའོ་ཡིས་བརྟག་ཞིབ་དབྱེ་ཞིབ་བྱས་པ་བརྒྱུད། རིག་ཚན་ཁག་གི་ཤུགས་རྐྱེན་དང་དཔྱད་རྩོམ་དྲངས་ཚད་ནི་རིག་ཚན་དེ་གའི་མདུན་གྲལ་གྱི་10%ཟིན་པ་དང་ལོ་ལྟར་དུས་དེབ་ཐོག་སྤེལ་བའི་རིག་གཞུང་དཔྱད་རྩོམ་དང་དེ་བཞིན་དཔྱད་གཏམ་རྩོམ་ཡིག་གྲངས་འབོར་50ལས་མང་བའི་དུས་དེབ་དག་འཛམ་གླིང་གི་རིག་ཚན་ཁག་གི་འཐུས་ཚབ་རང་བཞིན་གྱི་ཚན་རྩལ་དུས་དེབ་ལ་བདམས་པ་དང་དེའི་ཐོག་སྤེལ་བའི་དཔྱད་རྩོམ་དག་སྤུས་ཚད་མཐོ་བའི་རྒྱལ་སྤྱིའི་དཔྱད་རྩོམ་ལ་གཏོགས་ཀྱི་ཡོད།
   བསྡོམས་རྩིས་ཀྱི་འབྲས་བུ་ལས་མངོན་གསལ། 2019ལོར་རྒྱལ་སྤྱིའི་ཚན་རྩལ་དུས་དེབ་394འཛམ་གླིང་གི་རིག་ཚན་ཁག་གི་འཐུས་ཚབ་རང་བཞིན་གྱི་ཚན་རྩལ་དུས་དེབ་ལ་བདམས་པ་དང་དེའི་ཐོག་སྤུས་ཚད་མཐོ་བའི་རྒྱལ་སྤྱིའི་དཔྱད་རྩོམ་190661སྤེལ་ཡོད། དེའི་ནང་ཀྲུང་གོས་སྤུས་ཚད་མཐོ་བའི་རྒྱལ་སྤྱིའི་དཔྱད་རྩོམ་59867སྤེལ་ནས་འཛམ་གླིང་གི་31.4%བཟུང་སྟེ་འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད། ཨང་དང་པོ་ཡིན་པའི་ཨ་རིས་དཔྱད་རྩོམ་62717སྤེལ་ནས་32.9%བཟུང་ཡོད།